[A:༣ན]གྱི་ཐུགས་ཀྱི་སྡུག་པ་གཅིག་པུ་པར་གྱུར་པ་དགྱེར་དཔལ་ལེགས་འོད་ཀྱི་གདུང་རྒྱུད་ལྷ་དགྱེར་དཀར་པོ་དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་ཅན་གྱི་དུས་ལ་གཟིགས་པ་དང༌། ཕ་རྒྱུད་མའི་ཡན་ལག་དང་བཅས་པ་བདུན་བརྒྱུད་དང་མ་རྒྱུད་ཕའི་ཡན་ལག་དང་བཅས་པ་བདུན་བརྒྱུད་ཀྱི་བར་དུ་ཆོས་ལ་སྤྱོད་པའི་ཆོ་འབྲང་ལ་གཟིགས་པ་དང༌། སྙིགས་མ་ལྔ་པོས་ཧ་ཅང་སྦགས་པའི་དུས་འདིར་སྐུ་དངོས་ཀྱི་གདུལ་བྱ་རྣམས་ལམ་ལོག་པར་ལྷུང་གིས་དོགས་པས་ཡང་དག་པའི་ལམ་ལ་འཁྲིད་པའི་དུས་ལ་གཟིགས་པ་དང༌། པདྨ་སམབྷ་བའི་ལུང་ལས། ད་ལྟའི་ལྷ་བུ་དོན་ཡོད་སྡེ། །མ་[C:259]འོངས་དགོངས་འདུས་དར་དུས་སུ། །ང་ལ་ནག་པོའི་ནུབ་ཕྱོགས་སུ། །སྲས་སམ་རྡོ་རྗེའི་མིང་ཅན་འབྱུང༌། ཞེས་གསུངས་པ་ལྟར། མངའ་བདག་ཁྲི་སྲོང་ལྡེའུཙནལྡེའུ་བཙན་གྱི་སྲས་རྒྱ་ཆེ་ལྷའུ་དོན་ཡོད་སྡེ་བསམས་བཞིན་དུ་སྲིད་པ་བཟུང་ནས། འཁོར་ལོས་བསྒྱུར་བའི་དཔལ་ལ་འགྲན་པར་བཟོད་པའི་ས་སྐྱོང་མིའི་དབང་པོ། ནང་དུ་རིགས་སྔགས་འཆང་བའི་མཐུ་སྟོབས་ཀྱི་མངའ་བདག ཇོ་སྲས་ཀུན་དགའ་རྒྱལ་མཚན་ཞེས་བྱ་བའི་ཡབ་ལ་གཟིགས་པ་དང༌། རང་བཞིན་གྱི་དབང་པོ་དུལ་བས་སྙིང་རྗེས་རྒྱུད་རླན་ཞིང་གཡོ་རྒྱུའིསྒྱུའི་སྤྱོད་པས་མ་གོས་པ། གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་སྤྱོད་ལམ་གྱིས་ཀྱང་ཡིད་འཆིང་བར་མཁས་པ། རྒྱལ་ཡུམ་སྒྲོལ་དཀར་གྱི་སྤྲུལ་པ་ཆོས་སྒྲོལ་མ་ཞེས་བྱ་བའི་ཡུམ་ལ་གཟིགས་པ་དང༌། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་འཁོར་ལོར་རང་བཞིན་གྱིས་གྲུབ་པའི་གནས་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ། ཀུན་སྣང་སྒྱུ་འཕྲུལ་གྱི་ཕོ་བྲང་ཆེན་པོའི་སྒོ་འཕར་འབྲུག་མདའ་ཞེས་བྱ་བའི་ས་ཕྱོགས་དེར་སྐྱེས་སོ་ཅོག་རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཤ་སྟག་འབྱུང་