[A:༤༣བ]རྒྱུའི་བྱིན་བརླབས་རབ་ཏུ་གནས་པ་ཞུས་ཏེ། ཉིན་པར་རི་མོ་བྲིས་ཤིང༌། མཚན་མོའི་ཆ་ལ་སྐུ་དྲུང་ཉིད་དུ་བཞུགས་སུ་གསོལ་ནས་གྲུབ་རྗེས་རབ་ཏུ་གནས་པའི་ཆོ་ག་དྲུང་ཉིད་དུ་ཞུས། སྐུ་ཇི་སྲིད་འཚོའི་རིང་ལ་ཉིན་རེ་བཞིན་ཕྱག་ནས་ལན་བདུན་བདུན་ཞུས་པས། སྐུ་དངོས་སུ་བཞུགས་པ་དང་ཁྱད་མེད་པའི་སྔ་བས་བྱིན་བརླབས་ཅན་གསུང་བྱོན་མར་གྲགས་པའི་བྲིས་སྐུ་འདི་གྲུབ་ཅིང༌། སྐུ་ཁམས་མཉེལ་བའི་སྐད་ཆ་དེ་དྭགས་པོར་གསན་ནས་འབྲུག་མདར་མོ་བྱས་དུས། གསེར་གྱི་རྡོ་རྗེ་སྐེད་པར་ཆག།།གཡེར་པོ་ཆོ་ཡི་མོ་ལ་ངན། །ཉི་ཟླ་ས་ཡི་འོག་ཏུ་ལྷུང། །ཟེར་བའི་མོ་བབས་པས། སྐུ་རིམ་ལ་གྲུམ་ལུང་གི་སེར་སོགས་ཆེན་མོ་ལན་གཉིས་དང༌། དགོན་གསར་དུ་མང་ཇ་འགྱེད་བཅས་ལན་མང་པོ་དང༌། མཚནབརྗོད། སྒྲོལ་མ། ཤེས་སྙིང༌། ཚེ་མདོ། གཏོར་མ་སྟེ་འབུམ་གཏེར་ལྔ་དང༌། རྒྱས་འབྲིང་བསྡུས་གསུམ་མེ་མར་ལ་འདེགས་པའི་ཀློག་གྲྭ་བཞིའི་རྒྱུན་གསུངས་པ། མཁའ་འགྲོ་ཆོས་སྐྱོང་གི་སྐང་གསོ་དང༌། གཞན་ཡང་མདོས་གཏོར་བསམ་གྱིས་མི་ཁྱབ་པ་སོགས་སྐུ་རིམ་རྒྱ་ཆེན་པོ་འབྲུག་མདའ་ཉིད་དུ་བསྒྲུབས་ནས། དགེ་བཤེས་འོད་ཟེར་དཔལ་བཟང་སྐུ་ཁམས་བསྐོང་བ་དང༌། ཐུགས་དམ་སྐུ་རིམ་སོགས་ལ་ཐུགས་རྩོལ་ཞུ་བའི་སྙན་བསྐུལ་འབུལ་བར་ཞབས་དྲུང་དུ་སླེབ་པའི་ཚེ་བཀའ་ལུང་ལ། དགེ་སྦྱོང་བསོད་བཀྲས་"ངེད་ལ་བརྩེ་དུངས་ཆེ་བས་རིམ་གྲོ་བྱས་པ་དང་སྙན་བསྐུལ་འདི་བཞིན་[C:347]བཀུར་བ་རྗེས་སུ་ཡི་རང༌། ན་ནིང་ནས་ད་ལོའི་བར་དུ་ཚེ་བསྲིང་བ་འདི་ཡང་རྟེན་གསུམ་འཕྲོ་ཅན་རྣམས་ཀྱི་ཞབས་རྟོག་བྱ་ཕྱིར་གྲྭ་བུ་སློབ་ཡོན་བདག་དད་འདུས་རྣམས་ལ་ཕན་དུ་རེ་བསྡད་པ་ཡིན། ཀུན་འབྱུང་གིས་བསྐྱེད་པའི་རྣམ་སྨིན་གྱི་ཕུང་པོ་འདི་ཇི་སྲིད་ཡོད་གྱི་རིང་ལ་ཕྱི་ནང་གི་འཚེ༌[B:༨༣] བའི་གནས་སུ་གྱུར་པས། ནད་པའི་ལུས་ཡུན་རིང་ན་འཁོར་གཡོག་