[A:༤༦བ]ནམ་ལངས་ཀར། རྗེའི་བཀའ་ལུང་ལ། མཆོད་བཤོམས་གཟབས་པ་ཅིགཞིག་གྱིས། མལ་སར་དགེ་སྦྱོར་བྱེད་པ་འདི་མི་བདེ་བ་འདུག་པས། བྱང་ཕྱོགས་ཀྱི་མཐོངས་འདིར་སུམ་གདན་གཉེ་འབོལ་ཞིག་བཤོམས་གསུང་ནས། ཚེས་བརྒྱད་ཀྱི་ནམ་མཁའ་གསལ་མ་ཐག་བཞུགས་གདན་དེ་ལ་བཞུགས། ཁྱེད་རང་གཉིས་ཕྱིར་སོང༌། དགེ་སྦྱོར་ཚར་བའི་བརྡ་[C:353]འབྱུང་དུས་ཤོག་གསུང་ཞིང༌། ལམ་ཟབ་བླ་མའི་ཐུགས་དམ་གསུང་གསལ་བར་བཞུགས། ཉི་མ་ཤར་མ་ཐག་གསོལ་ཐུག་གི་གྲབས་བྱས་ནས་ཐུགས་དམ་གྱི་གསེང་ལྟ་བར་ཕྱིན་དུས། སྤྱན་ཟིམ་མེར་བཞུགས་འདུག་པ་ལ་དལ་བུས་ཉམས་སད་པ་ན། ཅུང་ཟད་ཡིད་མ་ཆེས་པར། གཞན་རྣམས་ལ་སྦྲན་ནས་ཕྱིན་དུས་སྐུ་དྲང་པོར་བསྲང༌། ཕྱག་ཐུགས་ཀར་བསྣོལ། ཞབས་རྡོ་རྗེ་སྐྱིལ་མོ་དཀྲུང་དུ་བཞུགས་ཏེ། དགོངས་པ་ཆོས་ཀྱི་དབྱིངས་སུ་བཞུགས་ཚར་འདུག་པས། ཅུང་ཙམ་ནས་ག་བུར་ལ་སོགས་པའི་དྲི་བཟང་གིས་སྐུ་ཡོག་པར་བྱས། དབུ་ལ་རིགས་ལྔ་དང༌། སྐུ་ལ་རྣམ་སྦྱར༌[B:༨༨] གསོལ། ཕྱག་ཏུ་རྡོར་དྲིལ་ཕུལ་ནས། སྐུའི་ངོ་བོ་ལ་བསྒུལ་བསྐྱོད་ཅུང་ཟད་ཀྱང་མ་བྱས་པས་སྔར་གྱི་བཞུགས་སྟངས་དེ་ཁོ་ནར་བཞུགས་སུ་གསོལ་ཏེ། མཆོད་པའི་སྤྲིན་གྱི་ཕུང་པོ་ལྷ་དང་མིའི་འཇིག་རྟེན་དུ་དཔེར་བྱ་བ་ལས་འདས་པ་ཙམ་རྒྱ་ཆེར་བཤམས་སོ། །དེའི་ཉིན་ནས་མེ་ཏོག་གི་ཆར་སྔར་བས་ཆེར་སོང༌། གསེར་དང་དངུལ་ལས་བྱས་པའི་མེ་ཏོག་ཀྱང་མང་དུ་བབ་པས། ཕྱོགས་རྣམས་སུ་ནི་འཕན་ཡུལ་ལུང་པ་མེ་ཏོག་གིས་གང་འདུག་བྱ་བའི་གཏམ་གྲགས་པར་གྱུར་ཅིང༌། རེ་ཤིག་གི་བར་གསང་ཐབས་ཀྱིས་སྐུའི་རིམ་གྲོ་ཡིན་པ་ལྟར། ཚོགས་སུ་མང་ཇ་དང༌། ནང་དུ་བསྒྲུབ་མཆོད་སོགས་བྱེད་ཅིང་གསོལ་བ་བཏབ་པས། སྐུ་འོད་དང་གཟི་མདངས་རབ་ཏུ་རྒྱས་པའི་ཤངས་ནས། བྱང་སེམས་དཀར་དམར་གྱི་རྒྱུན་