R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༤༧ན
[A:༤༧ན]བབ་པས། སྐུ་མདུན་དུ་འཁྱིལ་བ་ཞག་རེ་བཞིན་ཇེ་མང་ལ་སོང༌། ཞབས་ཀྱི་སོར་མོ་ཐམས་ཅད་ནུ་མ་ཇི་ལྟ་བ་བཞིན་དུ་གྱུར་འདུག་པ་ལ། བླ་མ་ཕུན་ཚོགས་པས་[C:354]ཞལ་གཏད་ནས་འཇིབས་པས། སྔར་ཉམས་སུ་མ་མྱོང་བའི་རོ་ཞིམ་པོ་བརྗོད་མི་ཤེས་པ་ཞིག་ཞལ་དུ་བྱུང་བ་ན། ཆོས་རྗེ་ཀུན་དགའ་དཔལ་བས་ཀྱང་ཞབས་སོར་ལ་འཇིབས་པས་དེ་ཁོ་ན་ལྟར་བྱུང་ངོ༌། ། རྣམ་དཀར་ཞིང་འདིའི་མཛད་པ་ཡོངས་རྫོགས་ཚེ། ། ས་ཆེན་རྣམ་པ་དྲུག་ཏུ་གཡོ་བྱེད་ཅིང༌། ། སྐར་མདའ་འཁྲུག་པའི་འོང་ཚོགས་ལྷབ་ལྷབ་འབར། ། རི་བོ་འབིར་བའི་སྒྲ་ཆེན་ངུར་ངུར་སྒྲོག། ། ཁྱོད་ཐུགས་དངུལ་དཀར་དངས་པའི་མེ་ལོང་ནི། ། གཉིས་སྣང་གཡའ་དང་བྲལ་བའི་དཀྱིལ་འཁོར་ངོར། ། ཡི་དམ་ལྷ་ཚོགས་མང་པོའི་སྣང་བརྙན་གཟུགས། ། གཞོན་ནུ་མས་མཐོང་སྤྲོ་བཞིན་ལྷག་གེར་གཟིགས། ། གསེར་གྱི་གདུབ་བུས་མཛེས་པའི་འཆི་མེད་རྣམས། ། པུཎྜ་རི་ཀའི་མེ་ཏོག་འཐོར་བྱེད་ཅིང༌། ། བཞིན་གྱི་འོད་ཀྱིས་ཕྱོགས་ཀུན་སྣང་བྱས་ནས། ། བརྒྱ་བྱིན་གཞུ་ཡི་ལྡིང་ཁང་འགོད་ལ་བརྩོན། ། ཧེ་རུ་ཀར་བཅས་དཔའ་བོ་རྣལ་འབྱོར་མས། ། གདུགས་དཀར་བ་དན་གཡོབ་ཅིང་སྤྱན་དྲངས་པས། ། ཁྱོད་སྐུ་དེ་བཞིན་ཉིད་དུ་རབ་གཤེགས༌[B:༨༩] ཏེ། ། སྤྲུལ་སྐུ་རང་གདངས་ཆོས་ཀྱི་དབྱིངས་ལ་ཐིམ། ། ཐུགས་རྗེའི་སྣང་གསལ་རྣམ་གྲོལ་གཟེབ་དུ་སོན། ། འགྲོ་བའི་སྒྲོན་མེ་དུས་མིན་རླུང་གིས་བསད། ། ཡིད་བཞིན་ནོར་བུ་ཞི་བའི་འདམ་དུ་བྱིང༌། ། ཕན་བདེའི་ཉིན་བྱེད་ནག་པོའི་སྤྲིན་གྱིས་བསྒྲིབས། ། ཀྱེ་མ་ཀྱི་ཧུད་གདུལ་བྱ་དོན་མཐུན་རྣམས། ། ཕྱོགས་སླད་འགྲོན་པོ་བཞིན་དུ་མུ་ཅོར་བསྒྲོག། ། ད་ནི་ཁྱོད་སྐུའི་དཔལ་དེ་སུ་ཡིས་མཐོང༌། ། ཁྱོད་གསུང་ཉན་པའི་གོ་སྐབས་དེ་ཡང་བཅོམ། ། དམ་པའི་དོན་དུ་སྐྱེ་འཆི་ལས་གྲོལ་ཀྱང༌། ། རྟག་འཛིན་ཅན་གྱི་ཞེན་ལྟ་བཟློག་པའི་ཕྱིར༌། ། རེ་འགའ་སྐྱེ་དང་