[A:༤༩ན]འདུན་རྣམས་ཆོས་ཁྲི་སྒང་དུ་བཞུགས་པ་ལ། རབ་གསལ་ནས་ཐུགས་དང་དབུ་ཐོད་སོགས་མཇལ་ཀ་བཏང་དུས། འཇའ་འོད་དང་མེཏོག་གི་ཆར་ཧ་ཅང་མང་ཆེས་པས་འདུས་པ་ཐམས་ཅད་ལ་མ་དག་པའི་སྣང་བ་ནུབ་པ་བྱུང་ཞིང༌། དེ་ནས་བཟུང་སྟེ་ཟླ་བ་གཅིག་ལྷག་ཙམ་དུ་དབུ་ཐོད་གར་བཞུགས་ཀྱི་སྟེང་གི་ནམ་མཁའ་ལ་འཇའ་མཚོན་གདུགས་འདྲ་བ་བརྒྱད་དགུ་ཙམ་བརྩེགས་པ་ཞིག་དུས་འཁོར་མར་བྱུང། སླར་ནཱ་ལེནྡྲ་ཉིད་ཀྱིས་ཐོག་དྲངས་དབུས་གཙང་གི་ཆོས་སྡེ་ཐམས་ཅད་དུ་དགོངས་རྫོགས་རྒྱ་ཆེན་པོ་བསྒྲུབས། གསང་ཕུར་དགོངས་རྫོགས་བཏང་དུས་ནཱ་ལེནྡྲར་ཇི་ལྟར་བྱུང་པ་དང་ཆ་འདྲ་བའི་འཇའ་འོད་དང༌། མེ་ཏོག་གི་ཆར་ལ་སོགས་པ་བྱུང་བས། ཀུན་ཀྱང་དད་པའི་དབང་པོ་རབ་ཏུ་རྟས་པར་གྱུར་ཏོ། །དེ་ནས་བཀའ་ལུང་ཇི་ལྟ་བ་བཞིན། མཁས་གྲུབ་ཆེན་པོ་དགེ་བ་རྒྱལ་མཚན་པ་གདན་གསར་སྤྱན་དྲངས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་སོགས་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་ལ། ཆོས་རྗེ་ཆོས་རྒྱལ་[C:359]མཚན་པས་གཟིམས་ཁང་འོག་གི་ཐུགས་ཁུར་བཞེས་ཏེ། ནང་རྟེན་ལ་བྱམས་འཇམ་དབྱངས་ཀྱི་གསེར་སྐུ་ཁྱད་པར་ཅན་ཟུང་དང༌། ལམ་འབྲས་བརྒྱུད་པ་རྣམས་ཚགས་སུ་བཙུད། དབུ་ཐོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་བཞུགས་ཁང་དུ་ཟངས་གསེར་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་ཚོགས་དཔག་ཏུ་མེད་པས་བརྒྱན་པ། བུམ་པར་དངུལ་གར་བླུགས་ཀྱི་སྐུ་འདྲ་རིན་པོ་ཆེ་བཞུགས་པ་དང་བཅས་པ་བསྒྲུབས། མཆོད་པའི་སྤྲིན་ཕུང་སྨྲ་བསམ་གྱི་ར་བ་ལས་འདས་པ་བཀོད་ནས། གཟིམས་ཁང་ལ་གསེར་གྱི་གྷ་ཊི་རས་བརྒྱན་པ་སོགས་ཀྱང་མཛད། ཐོན་ནས་སྤྲུལ་པའི་སྐུ་སྤྱན་དྲངས་ཏེ། གསན་སྦྱོང་མཛད་པའི་ཚུལ་སྟོན་པར་གསོལ་བ་དང༌། ཉིད་རང་གིས་མདོ་སྔགས་ཀྱི་