R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༣
[A:༡༨༣]པའི་རྒྱུད་ལེའུ་བཞི་པ་པཎྜི་ཏ་སྨྲྀ་ཏིའི་རང་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད། པཎྜི་ཏ་ཛྙཱ་ན་ཀ་ར་དང༌། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱི་འགྱུར་ལ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ། །འདི་ནི་རྒྱུད་དེའི་བདེ་བ་ཆེན་པོའི་ལེའུ་ཞེས་བྱ་བ་ལེའུ་གཉིས་པ་ལོགས་སུ་ཕྱུང་བར་སྣང་ངོ༌། །རྒྱུད་རྫོགས་པ་ནི་བོད་ན་མེད་པ་འདྲའོ། །དེ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། མ་ཏངྐི༌། ཏཻ་ལོ་པ། ནཱ་རོ་པ། མར་པ། མཚུར་དབང་ངེ༌། རྒྱ་ལུང་ཕུག་པ་ཆེ་བ། ཆུང་བ། བར་ཐང་པ། ཁམས་པ་བྱང་ཆུབ་དཔལ། སྟོན་ལུང་གྲགས་འབུམ། བདེ་བ་ཅན་པ། བླ་མ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་ནས་གོང་བཞིན་ནོ། །གསང་འདུས་ཀྱི་བཤད་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཅེས་བྱ་བ་ལེའུ་བཅུ་བདུན་པ། པཎྜི་ཏ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཨཱརྻ་དེ་བ། མ་ཏངྐི་པ། བི་ཁྱཱཏ་དེ་བ། ཁ་ཆེ་པཎ་ཆེན། སུ་ག་ཏ་ཤྲཱིཿ ཆོས་རྗེ་ས་སྐྱ་པཎྜི་ཏ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མངས་པོ། ལོ་མཆོག བློ་ཆེན། བདེ་བ་ཅན་པ་ཡེས་མགོན། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ་བསོད་རྒྱལ། མཁན་ཆེན་པ་ནས་འདྲའོ། །འདུས་པའི་བཤད་རྒྱུད་འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལེའུ་ཉི་ཤུ་རྩ་གཉིས་པ་བུ་སྟོན་གྱིས་བསྒྱུར་བ་ཧོར་ཁོངས་ཅན།
འདིའི་ལུང་ད་ལྟ་བོད་ན་མེད་པས་མ་ཞུས
། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་ལེའུ་བདུན་ཅུ་དོན་བདུན་པ་མར་པའི་འགྱུར། མི་སྐྱོད་པའི་རིགས་སུ་གཏོགས་པའི་ཁྲོ་བོ་ཕྱག་ན་རྡོ་རྗེའི་སྐོར་དུ་གཏོགས་པ་ལས། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན། དྲག་པོ་རྣམ་