R186: དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་ངོ་བོ་ཁྱབ་བདག་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།

  • Pagination (Witness A): ༧༩
[A:༧༩]ལེན་ལ་རྡོར་ལེགས་རྫོང་བདའ་མཛད་ནས་གྲུབ་པའི་འཁོར་ལོས་སྒྱུར་བ་བིརཱུ་པའི་བཞེད་གཞུང་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་གཙོ་བོ་ལ་བཞི་འབུམ་དང་འཁོར་ལ་བཞི་ཁྲིའི་ལྗགས་བསྙེན་ཤིན་ཏུ་དམ་པ་གནང༌། ཆུ་ཡོས་ཧོར་ཟླ་དགུ་པའི་ཚེས་འགོར་པོ་ཏ་ལར་ཕེབས་རཱ་ལུགས་ཀྱི་དམར་པོ་མདའ་གཞུ་འགེངས་པའི་དུག་དབང་དང༌། གུར་ལས་བྱུང་བའི་ཕྱག་རྡོར་འབྱུང་འདུལ། སྙེ་མདོ་སྔགས་འཆང་ཤཱཀྱ་དཔལ་བའི་དག་སྣང་གི་མེ་དབང༌། གཙུག་ཏོར་འབར་མ་སོགས་ཆོས་བཀའ་འགའ་ཞིག་ཞུས་ཤིང་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་དང་ཚེ་དབང་འཆི་མེད་དཔལ་སྟེར་ཕུལ། མ་ཧེ་མཆོད་པའི་བཀའ་བསྒོ་གནང་རྩིས་འདུག་པ་འཇམ་དཔལ་རྡོ་རྗེ་དངོས་དང་དབྱེར་མ་མཆིས་པའི་འཁོར་ལོའི་མགོན་པོས་མཛད་ཐུབ་པ་གཞིར་བཅས་ཀྱང་དམ་ཚིག་མི་གཙང་བའི་ས་ནས་མང་ཇ་སོགས་ཟས་འབྲེལ་བྱུང་ན་འཚུབ་ལྷོངས་མི་ཡོང་བའི་ངེས་པ་མེད་ཅིང༌། དེ་རིགས་ལ་འཛེམ་ཆའང་གནང་དཀའ་བ་ནས་ད་ལམ་རེས་མ་གནང་བ་འགབ་ཚུལ་ནན་ཏར་གསོལ། ཞ་ལུར་ཕེབས་ནས་མ་ཧེ་མཆོད་པ་མ་གྲུབ་བར་འཇིགས་མཛད་རྡོ་རྗེའི་སྒྲུབ་མཆོད་དང་འབྲེལ་བའི་ལྗགས་བསྙེན། ལས་གཤིན་ལ་བསྐང་བ་འཕྲིན་བཅོལ། དྲུག་ཅུ་པ་སོགས་སྐུ་མཚམས་ཁོག་ནས་སྟར་ཆགས་སུ་གནང༌། ཤིང་འབྲུག་ལོ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཉིན་གར་གཞུང་དུ་ལས་སྣེ་དྲག་པ་ལྔ་ཆིབས་བསུར་བྱུང༌། གཞི་ཐོག་ཏུ་ཕེབས་སྐབས་དྲུང་འཁོར་སྐྱ་སེར་རྣམས་ཀྱིས་བླ་བྲང་མདོར་ཕེབས་བསུར་འོངས་ནས་མཇལ་དར་དང༌། གཟིམས་ཆུང་འགག་ཏུ་ཕྱག་མཛོད་པས་མཇལ་