R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 53b
[B:53b]ཐུགས་སྲས་རྣམས་ལ་ལེགས་གཏད་ནས། ། ཀུན་ཁྱབ་ཆོས་སྐུ་མངོན་དུ་མཛད། ། ལོངས་སྐུར་བཞེངས་ཏེ་དག་པ་ཡི། ། ཞིང་དུ་གཤེགས་ཚུལ་ལྟས་མང་བཅས། ། སླར་ཡང་སྤྲུལ་པས་རྗེས་འཛིན་མཛད། ། བདག་ཅག་གི་བླ་མ་དེ་ཉིད་ཚོར་བས་བསྡུས་པའི་སྡུག་བསྔལ་མཐའ་དག་ཟད་པར་སྤངས་ཀྱང་། གཞན་སྣང་ཙམ་དུ་དགུང་ལོ་དྲུག་ཅུ་རྩ་ལྔ་པ་མེ་ཞེས་བྱ་བ་མེ་ཕོ་འབྲུག་གི་ལོ་ནག་པ་ཟླ་བའི་ཕྱོགས་ཕྱི་མའི་ཚེས་གཅིག་ཙམ་ནས་ཅུང་ཟད་བསྙུན་པའི་ཚུལ་བསྟན་པ་ལས། དོན་དུ་སྐུ་ལ་ཟུག་གཟེར་གྱི་རྣམ་པ་ཅུང་ཟད་ཀྱང་མེད་པས་ཟབ་གསལ་གྱི་ཐུགས་དམ་ལས་མི་གཡོ་བར་བཞུགས་ཤིང་། རྒྱུན་ལྡན་དུ་ཐ་མལ་པ་ལྟར་སྨན་དཔྱད་སྐུ་རིམ་སོགས་ཀྱི་སྤྲོས་པ་མི་སྣང་ཡང་། དེ་ལྟ་མོད་ཀྱི་རྗེས་འཇུག་རྣམས་བསོད་ནམས་གསོག་པ་དང་གཞན་གྱི་ཁ་ན་མ་ཐོ་བའི་བརྗོད་པ་སྤང་བའི་ཕྱིར། གསོ་དཔྱད་མཁས་པ་འགའ་ཟུང་གིས་འཕྲོད་བསྟེན་སྣ་རེ་ཙམ་གྱི་ངོ་བསྟུན་པ་དང་། སྐུ་རིམ་གྱི་ཚུལ་ཡང་ཇི་ལྟར་བཞེད་པ་བཞིན་བསྒྲུབ་ཆོག་པར་རྗེས་སུ་[A:178]གནང་བ་ལྟར་རྒྱུན་མི་ཆད་པར་བསྒྲུབས་ཤིང་། ཁྱད་པར་དད་འདུས་ཀྱི་བུ་སློབ་དགེ་འདུན་བྱིན་གྱིས་ཞིང་འདིར་ཞབས་པད་བརྟན་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་བར་སྒོ་གསུམ་གྱི་འདུན་པ་རྩེ་གཅིག་པར་ཉིན་མཚན་ཁོར་མོར་གསོལ་བ་བཏབ་མོད། རྗེ་བཙུན་དམ་པ་དེ་ཉིད་འཆི་བདག་གི་བདུད་སོགས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཞིང་། རྟག་པ་བརྟན་པ་ཞི་བ་གཡུང་དྲུང་གི་གོ་འཕང་མཆོག་སྔོན་ནས་བརྙེས་ཤིང་རྟེན་འདིར་ཡང་ནང་རླུང་སེམས་གཉིས་ལ་བརྟན་པ་ཐོབ་པས་ཕྱི་སྣང་བ་ཡུལ་རྣམས་དབང་དུ་འདུས་ཤིང་། སྲོག་རྩོལ་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་བས། གདུལ་བྱ་རྣམས་ལས་དང་སྐལ་བ་དང་ལྡན་ན་ཇི་ལྟར་བཞེད་པ་བཞིན་སྐུ་ཚེ་བྱིན་གྱིས་བརླབ་ནུས་ཀྱང་། འགྲོ་བ་འཁྲུལ་སྣང་རྟག་འཛིན་ཅན་དང་། རྣམ་གཡེང་དང་ལེ་ལོའི་འདམ་དུ་བྱིང་བ་རྣམས་འབད་རྩོལ་གྱིས་ཆོས་ལ་གཟུང་བའི་ཕྱིར་དང་། ཁྱད་པར་ཞིང་འདིའི་གདུལ་བྱའི་ལྷག་མ་དེ་ཙམ་ཁོ་ནར་བས་པ་དང་