R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 54a
[B:54a]ཞིང་གཞན་དུ་སྤྲུལ་པའི་སྐུ་གཞན་དང་གཞན་གྱི་བཀོད་པ་རྣམས་ཉིད་ཀྱི་ཐུགས་ལ་མངོན་པར་བཞེད་པར་གྱུར་པ་དེའི་ཚེ། ཞིང་འདིའི་སྒྱུ་[A:179]འཕྲུལ་གྱི་བཀོད་པ་རྣམས་རིམ་གྱིས་བརྟུལ་ཏེ། སྐུའི་ཉེ་འཁོར་ན་འཁོད་པའི་དག་པའི་གདུལ་བྱ་ཐུན་མོང་མ་ཡིན་པ་ལྷག་བསམ་རྣམ་པར་དག་པའི་དད་འདུན་ཆེས་ལྷག་པ་མིའི་དབང་པོ་ལྷ་སྲས་ལྷ་དབང་ཀུན་དགས་གཙོ་མཛད་རྡོ་རྗེའི་སློབ་བུ་ཉུང་ཤས་རྣམས་ལ། ཟབ་པ་དང་རྒྱ་ཆེ་བའི་བཀའ་གསང་རྨད་དུ་བྱུང་བས་ལུང་སྟོན་པ་དང་། རྗེས་སུ་གནང་བའི་སྒོ་ནས་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དུ་གྱུར་པ་དག་ཇི་ལྟར་འཛིན་ཅིང་སྐྱོང་བའི་ཚུལ་རྣམས་ལེགས་པར་གསུངས་ཤིང་རྨད་པར་མཛད་དོ། ། ལྷག་པར་ཟླ་བ་དེའི་ཉེར་གསུམ་གྱི་ཉིནའདུ་ཁང་དུ་འདུས་པའི་ཚོགས་ལ་"གཏོར་སྐྱོང་རྒྱས་པར་གྱིས"་ཞེས་པ་དང་། སྐུ་མདུན་ཉིད་དུ་ཆོས་སྐྱོང་གི་སྐུ་བྱིན་རླབས་ཅན་དགྲམ་ པ་དང་། མཆོད་གཏོར་སྤྱན་གཟིགས་སོགས་ལེགས་པར་བཤམས་ཏེ། ཐུགས་སྲས་ཀུན་ དགའ་རྒྱལ་པོ་དང་། སློབ་དཔོན་བསོད་ནམས་རྒྱལ་པོ་གཉིས་ལ་"བསྐང་གསོ་མངའ་གསོལ་ལེགས་པར་གྱིས"་ཤིག་བཀའ་བསྩལ་ཞིང་། རྗེ་བཙུན་ཉིད་ཀྱིས་ཀྱང་ཐུགས་འདུན་ཆེད་དུ་གཏད་དེ་བསྟན་པ་བསྟན་འཛིན་དང་བཅས་པ་ཆོས་སྐྱོང་ལ་གཉེར་གཏད་གནང་། དེ་དག་གི་རྟེན་མཆོད་གཏོར་དང་[A:180]བཅས་པ་ནི་སུས་ཀྱང་གཡོ་མ་ནུས་པས་དེང་སང་གི་བར་དུ་གནས་དེ་ཉིད་ན་བརྟན་པར་བཞུགས་སོ། ། དེ་རྗེས་ནས་འདིར་སྣང་གི་བཀའ་ཅུང་ཡང་མི་བསྩལ་བར་ཐུགས་དམ་གྱི་ངང་ཉིད་ནས་ཉེར་བཞིའི་ཐུན་ཐ་མ་ལ་ཕྱོགས་པ་ཙམ་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་མངོན་སུམ་དུ་གྱུར་ནས་དབང་བསྐུར་བ་དང་། ལུང་སྟོན་པ་དང་། བསྙུན་གསོལ་ཞིང་དབུགས་དབྱུང་བ་དང་། བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་ལ་སོགས་པ་དག་པའི་སྣང་བ་རབ་འབྱམས་སུ་གྱུར་པར་སྣང་སྟེ། འགྲོ་བ་མགོན་མེད་པ་རྣམས་ཀྱི་གཉེན་གཅིག་པུ། ཐུགས་རྗེ་མངའ་བ་ཐུགས་རྗེའི་བདག་ཉིད། བླ་མ་རྗེ་བཙུན་ཐུགས་རྗེ་ཆེན་པོ་དེ་ཉིད་སྤྱན་གྱི་གཟིགས་པ་ནམ་མཁའི་དབྱིངས་སུ་ལྟ་སྟངས་སུ་མངོན་པར་ཕྱོགས་པ་དང་། སྐུའི་བཀོད་པ་བདེ་བའི་རྣམ་པར་རོལ་བ་དང་། གར་གྱི་རྣམ་