R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 54b
[B:54b]པར་བསྒྱུར་བ་དང་། གུས་པའི་ཚུལ་དུ་འདུད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཆོད་པའི་ཕྱག་རྒྱ་དུ་མ་དང་། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཏེ་འཁྱུད་པའི་ཕྱག་རྒྱ་ལ་སོགས་པ་སྐུ་དང་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་བྱུང་[A:181]བའི་ངོ་མཚར་བའི་བཀོད་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་གཞན་དང་གཞན་དག་ཀྱང་བློ་གསལ་ཞིང་། ཡིད་གཞུངས་པའི་སྐུའི་རིམ་གྲོ་པ་དག་གི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་ཡིན་ལ། དེ་བས་ཀྱང་ཆེས་གསང་བ་རྣམས་ནི། ཕྱོགས་འཛིན་གྱི་ཚེར་མ་རྣོན་པོས་རྣམ་དཔྱོད་ཀྱི་མིག་ལྡོངས་ཤིང་། བཤེས་གཉེན་ངན་པའི་ཚིག་གི་དུག་ཆུས་རྒྱུད་མ་རུངས་པར་བྱས་པའི་སྐྱེ་བོ་འགའ་ཞིག་མ་རངས་ཤིང་ཀུན་ཏུ་འཁྲུགས་པར་གྱུར་ན། དེ་དག་མཐོ་རིས་དང་ཐར་བའི་བདེ་བས་འཕོངས་པར་འགྱུར་བས། དེའི་ཕྱིར་ཡི་གེའི་སྣ་བསྐྱུངས་སོ། ། དེ་ལྟ་མོད་ཀྱི་རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བ་མི་བསླུ་བའི་ཕྱིར། ཕྱི་རོལ་དུ་འབྱུང་བའི་ལྟས་རྨད་དུ་བྱུང་ཞིང་དཔག་པར་མི་ནུས་པ། དུས་དེ་དང་དེའི་ངེས་པ་གཟུང་སྟེ་འཁོར་མོར་བྱུང་བ་འདི་ལ་གཟུ་བོའི་བློ་ཅན་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ལེགས་པར་རྟོགས་ཤིག་དེ་ནི་ཉེར་ལྔའི་ཐུན་ལ་སླེབས་པ་ན། ས་ཆེན་པོ་འདི་དལ་བུས་དལ་བུས་གཡོ་ཞིང་འགུལ་བ་དང་། ཕྱོགས་མཚམས་ཀྱི་རི་བོ་རྣམས་ཀྱང་འདར་ཞིང་མགོ་བོ་རྣམ་པར་འདུད་པ་དང་ཁོང་ནས་སྒྲ་སྣ་ཚོགས་འབྱིན་པར་བྱེད། རླུང་གཡོ་བ་ཡང་དལ་[A:182]གྱིས་ཞི་བ་ན། གཅན་གཟན་གཏུམ་པོའི་རིགས་དང་། རི་དྭགས་ཀྱི་ཁྱུ་རྣམས་དང་། བྱའི་ཚོགས་ རྣམས་ཀྱང་རང་ རང་གི་གནས་སུ་མགོ་བོ་སྨད་དེ་གཅོམ་སྐྱུང་བ་དང་། ཕྱི་རོལ་དུ་འཕྱང་བའི་དྲིལ་བུ་ལ་སོགས་པའི་རོལ་མོའི་ཚོགས་རྣམས་ནི་མ་དཀྲོལ་བར་རང་སྒྲ་འབྱིན་ལ། རྩོལ་བ་ལས་འབྱུང་བའི་སྒྲ་རྣམས་ནི་བགས་ཀྱི་ཞ་བར་གྱུར་ཏོ། ། ལྗོན་ཤིང་གི་ ཚོགས་རྣམས་ཀྱང་མེ་ཏོག་དང་ལོ་མ་རྣམས་ཅུང་ཟད་རྙིངས་པས་མྱ་ངན་གྱི་ཁུར་འཛིན་ནོ། ། དེ་ནས་ལྷ་དང་མིའི་སྤྱོད་ཡུལ་ལས་འདས་པའི་དྲི་བཟང་པོས་ཕྱི་ནང་ཀུན་ཏུ་ཁྱབ་པ་དང་། འཇའ་དཀར་པོ་དབྱིབས་ཕུན་སུམ་ཚོགས་པ་གཙུག་ལག་ཁང་འདི་ཉིད་ལ་ཟུག་པ་མིག་ལྡན་ཀུན་གྱི་