[B:58a]པས་གཙོ་བོ་ཉིད་ལ་དུས་རྟག་པར་མཆོད་པ་གཡུང་མོ་རྣམས་ཀྱི་ས་བོན་འཕགས་ཡུལ་གྱི་ཡི་གེའི་སྙིང་པོ་ལཉྫ་ལས་གྲུབ་པས་མཛེས་པའོ། ། དེའི་སྟེང་དུ་ཡང་དག་པར་སྤོང་བ་བཞིའི་ངོ་བོ་བང་རིམ་གཉིས་པ་ལ་བབ་ལེ་དབུས་མ་བཞིའི་སྙིང་པོར། མི་ཤིགས་པ་ཆེན་པོ་སྟོང་པ་ཉིད་ཀྱི་མཚོན་ཆ་མཆོག་གིས་ཆོས་ཐམས་ཅད་འབིགས་པར་བྱེད་པའི་རིགས་ལས་བྱུང་བའི་གསང་བའི་རིག་མ་རྡོ་རྗེ་སྤྱན་མའི་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་དང་། ཟད་མི་ཤེས་པའི་སྐུ་གསུམ་གྱི་རིན་པོ་ཆེ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་རྡོ་རྗེ་ནོར་བུའི་རིགས་ཐམས་ཅད་ཀྱི་བདག་མོའི་ཕྱག་རྣམ་པར་སྤྲས་པའི་རིན་པོ་ཆེ་རྡོ་རྗེའི་ཏོག་ཅན་དང་། སྐྱོན་གྱི་འདམ་རྫབ་མ་ལུས་པ་དང་བྲལ་ཞིང་། ཡོན་ཏན་ཐམས་ཅད་པའི་འདབ་མ་རྣམ་པར་རྒྱས་པ་རྡོ་རྗེ་པདྨ་མཆོག་གི་རིགས་ཐམས་ཅད་ལ་དགྱེས་པ་བསྐྱེད་པའི་དགའ་མ་ན་བཟའ་དཀར་མོའི་སྨག་གི་མཚོ་རྫིང་རྣམ་པར་རྒྱན་པའི་ཆུ་སྐྱེས་སར་པ་རྡོ་རྗེའི་ཟེའུ་འབྲུ་ཅན་དང་། ཕྲིན་ལས་རྒྱ་མཚོའི་སྤྲིན་རྣམ་པར་འཕྲོ་བས་[A:194]
འགྲོ་བ་མ་ལུས་པ་ཡང་དག་པའི་གནས་ལ་འཇོག་པ་རྡོ་རྗེ་ལས་ཀྱི་འཁོར་ལོའི་ཚོགས་མཉེས་པར་བྱེད་པའི་ན་ཆུང་རྡོ་རྗེ་སྒྲོལ་མའི་ཕྱག་གི་ཆུ་སྐྱེས་སར་པའི་རྩེ་ལ་འགྱིང་བའི་ཨུཏྤལ་འཛུམ་བརྒྱའི་དགའ་སྟོན་ཅན་གྱི་དབུས་ན་ཕྲིན་ལས་བཞིའི་རང་བཞིན་རྡོ་རྗེ་རྒྱ་གྲམ་རྣམས་ཀྱིས་སྤྲས་ཤིང་། དེ་རྣམས་ཀྱི་གཡས་གཡོན་གྱི་བབ་ལེའི་ཁྱིམ་ལ་བྱི་རུའི་ལྗོན་པ་ཡན་ལག་དང་ལྡན་པ་དང་། གཉིས་འཐུང་ས་སྲུང་གི་མཆེ་བ་ཟུང་དང་། ལྷའི་ན་བཟའི་གླེགས་བུ་བསྣོལ་བ་དང་། འཕྲོག་བྱེད་ཀྱི་གཙུག་རྒྱན་འཕོས་པ་ལྟ་བུའི་རིན་པོ་ཆེའི་དངུལ་བྲེ་དང་། བཻ་ཌཱུརྱའི་ཁྱུད་འཁོར་བསྣོལ་བ་རིན་པོ་ཆེ་ཀུན་ཏུ་འོད་འཕྲོ་བ་དང་། མིག་ཨུཏྤལ་གསར་པའི་དཀྱུས་དང་། མརྒད་ཞུན་མས་བྱུགས་པ་ལྟ་བུའི་སྐུ་མདངས་ཅན་རི་དྭགས་བསེའི་རྭ་ཁྲེམ་གཉེར་ཅན་རྣམས་ཀྱིས་སྤྲས་པ། ནམ་མཁའི་མཛོད་ཟད་པ་མེད་པའི་དཔལ་