[B:61a]རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་[A:204]གཡོ་མ་ལུས་པ་ལ་ཁྱབ་པའི་གདུགས། ལྷའི་རིན་པོ་ཆེ་སྤྲིན་མདོག་མཁའ་ལ་ལྡིང་བ་ལྟ་བུ་ལ་རིན་པོ་ཆེ་སྣ་ཚོགས་པའི་འཕྲ་བཀོད་ཕུལ་དུ་བྱུང་བ་དང་བཅས་པའོ། ། དེ་དག་གི་ཏོག་ཏུ་ཡོན་ཏན་གྱི་ཆོས་མ་ཚང་བ་མེད་པའི་ཆ་ཤས་ཡོངས་སུ་རྫོགས་ཤིང་། སྲིད་ཞིའི་རྒུད་པ་མ་ལུས་པའི་ཚ་གདུང་སེལ་བའི་འོད་དཀར་ཕྱོགས་བཅུར་རྣམ་པར་སྐྱོང་བའི་འོས་རིས་ཅན་ཟླ་བའི་དཀྱིལ་འཁོར་ཆེན་པོ་བདེ་བ་དམ་པའི་བདུད་རྩིའི་ཆུ་འཛག་པའི་ཤེལ་ལེབ་ལས་གྲུབ་པ་དང་། དེའི་སྟེང་དུ་མ་རིག་པའི་མུན་པ་དང་ལྷན་ཅིག་མི་གནས་ཤིང་། ཉོན་མོངས་པའི་འདམ་དང་སྒྲིབ་པའི་ཆུ་བྲན་རྣམ་པར་སྐེམ་པའི་འོད་ཀྱི་གདུང་ཚ་ཞིང་འབར་བ་ཅན། ལེགས་པར་བྱས་པའི་པདྨ་ཁ་འབྱེད་པའི་འོད་ཟེར་རྣོན་པོ་དང་ལྡན་པ། ས་དང་ལམ་གྱི་འབྲས་བུ་རྣམ་སྨིན་པ་མཐར་ཕྱིན་པར་བྱེད་པའི་ཉི་མ་རིན་པོ་ཆེ་མེ་ཤེལ་ལས་གྲུབ་པ་དང་། བགྲོད་པར་བྱ་བའི་རྩེ་མོར་ཕྱིན་པས་འཕོ་བ་དང་། གཡོ་བ་དང་། འགྱུར་བ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་སྣང་བརྙན་ཨུཏྤལ་གསར་པའི་སྙིང་པོ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པ་དག་ཛམྦུ་ཆུ་བོའི་གསེར་གྱི་འོད་ཟེར་པ་ཏྲས་ཀུན་ནས་སྤྲས་པ་དང་བཅས་པ་[A:205]ལྷམ་
མེ། ལྷན་ནེ།
ལྷང་ངེ་སྣང་བས་མཛེས་པའི་ཆོས་ཀྱི་སྐུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དམ་པ་དེ་ཉིད་ཐར་པ་ཆེན་པོའི་གཞལ་མེད་ཁང་མངོན་སུམ་པའི་གཙུག་ལག་ཁང་འདི་ཉིད་ཀྱི་སྙིང་པོར་གྱུར་པའི་ཡང་ཐོག་རྒྱུད་སྡེ་རྒྱ་མཚོའི་ངེས་གསང་བླ་ན་མེད་པ་ཐུགས་སུ་བསྟར་བའི་བླ་མ་རབ་འབྱམས་མ་ལུས་ཤིང་ལུས་པ་མེད་པར་མངོན་སུམ་དུ་བཞུགས་པའི་དབུས་སུ། དཔལ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བསྐྲུན་པའི་མཆོད་སྤྲིན་ཟད་མི་ཤེས་པ་དང་བཅས་ཏེ་བཞུགས་སུ་གསོལ་བ་ནི། ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། སྐྱེ་དགུའི་བདག་པོ་དང་བཅས་པ་འགྲོ་བ་རྣམས་ཀྱི་འཁོར་འདས་ཀྱི་ཕན་བདེ་མ་ལུས་པའི་རྩ་ལག་དམ་པ་བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་ཀུན་ནས་ཕྱག་བྱ་བའི་ཡུལ་དམ་པར་གྱུར་པའོ། ། ཕྱིས་སུ་དད་པ་དང་ལྡན་པའི་སྐྱེས་ཆེན་འགའ་ཞིག་ལ།