R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 7b
[B:7b]འཛིན་ཞེས་བྱ་བ་ཆུ་ཕོ་བྱི་བའི་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བཅོབཅྭ་བརྒྱད་ཀྱི་ཐོ་རེངས་ཡུལ་གྲུ་ཆེན་པོ་དགེ་བའི་མཚན་མ་བཅུ་དང་ལྡན་ཞིང་མཁས་གྲུབ་གྲྭ་པ་མངོན་ཤེས་སོགས་བགྲང་བ་ལས་འདས་པ་བྱོན་པའི་ས། གཡོ་རུ་གྲྭ་ཞེས་པའི་སའི་ཐིག་ལེ་དཔལ་འབྱོར་འདོད་དགུ་མ་ལུས་པས་ཡོངས་སུ་གང་བ་འཆི་མེད་ཀྱི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་དཔལ་རྒྱལ་ཆེན་གླིང་གི་ཁང་བཟང་དུ་ཡུམ་ལ་གནོད་པ་མེད་ཅིང་བདེ་བའི་ངང་ནས། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཇི་བཞིན་དུ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལྟ་བུ་བལྟ་བས་ཆོག་མི་ཤེས་པ་ཞིག་བལྟམས་སོ། ། དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དབྱིངས་སུ་དགྱེས་ཤིང་། གཙང་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཆར་དང་། འཇའ་འོད་ཀྱི་གུར་ཕུབ་སྟེ། དུས་ཀྱི་འབྲུ་བཅུད་རྣམས་ཀྱང་ཆེས་ལྷག་པར་རྒྱས་པ་སོགས་དགེ་བའི་མཚན་མ་ཕུལ་དུ་བྱུང་ཞིང་། ལུགས་དང་མཐུན་པའི་བཙས་སྟོན་ཡང་རྒྱ་ཆེན་པོར་མཛད། སྔར་ཡུམ་གྱིས་མཁན་ཆེན་སྒྲིབ་པ་ནག་པོའི་དྲུང་དུ་[A:19]བསྲུང་བ་ལྔའི་དབང་ཚར་མང་དུ་གསན་པ་དང་། དེ་དུས་སྐུའི་རིམ་གྲོར་ཡང་གཟུངས་གྲྭ་ལྔ་སྒྲོག་པ་གཙོ་བོར་མཛད་པས་མཚན་ཡང་གྲྭ་ལྔ་རྒྱལ་པོ་ཞེས་པར་མངའ་གསོལ་ལོ། ། དེ་ནས་རིགས་གཙང་ཞིང་རྣམ་དཔྱོད་དང་ལྡན་པའི་རིག་མས་པང་ན་འཚོ་བ་དང་། ནུ་ཞོ་བསྣུན་པ་དང་། དྲི་མ་འཁྲུད་པ་དང་། ཞོ་ཤས་འཚོ་བ་སོགས་ཀྱི་མ་མ་དང་གཞན་ཡང་ཇི་ལྟར་འོས་པའི་རིམ་གྲོ་པ་དང་། ཞབས་འབྲིང་པ་དག་ཉེ་བར་བསྐོས་པ་ལས་སྐུའི་སྐྱེད་ལེགས་པར་བསྲིངས་ཏེ། མཚོའི་ནང་གི་པདྨ་དང་དཀར་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལྟར་ཆེས་ཆེར་གསལ་ཞིང་རྒྱས་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དྲག་པོའི་འཐོར་རླུང་ཁྱབ་འཇུག་མཚོན་ཆ་ཡིས། ། སྟུག་པོའི་སྤྲིན་རུམ་དྲལ་ལས་ཟླ་དབང་བཞིན། ། ལྷུམས་ཀྱི་པད་རྫིང་དབུས་ནས་གཞོན་ནུའི་སྐུ། ། མཚན་དཔེའི་འདབ་སྟོང་བཀྲ་བའི་འདམ་སྐྱེས་འཁྲུངས། ། དེ་ཚེ་ས་ཆེན་རྣམ་པ་དྲུག་གཡོས་ཤིང་