[B:21a]རྩ་བདུན་གྱི་དཀྱིལ་འཁོར་དུ་ཇོ་བོ་ལུགས་ཀྱི་དབང་རྫོགས་པ། རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་རྫོགས་པ། ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་སྒོ་བཞི་སྦྲག་ལྷ་
གྲངས་ཉི་བརྒྱ་དང་ཉི་ཤུ་རྩ་དགུའི་དཀྱིལ་འཁོར་དུ་དབང་། སྤྱོད་པའི་རྒྱུད་རྣམ་སྣང་མངོན་བྱང་གི་དཀྱིལ་འཁོར་སྒོ་སུམ་སྦྲག་ལྷ་བརྒྱ་དང་བཅུ་དགུའི་དཀྱིལ་འཁོར་དུ་དབང་རྣམས་དང་། རྡོར་དབྱིངས་ནས་འདིའི་བར་གྱི་ཡིག་ཆ་བུ་སྟོན་རིན་པོ་ཆེས་[A:62]མཛད་པའི་ལུང་།
ཡང་ཡོ་གའི་ཆོས་འབྱུང་གྲུ་རྫིངས་ཀྱི་ལུང་དང་། ཡོ་གའི་ཊཱི་ཀ་ཡིད་བཞིན་ནོར་བུའི་སྟེང་ནས་ལུང་བཤད་རྒྱས་པར་གསན་ཞིང་། སློབ་དཔོན་རིན་པོ་ཆེ་ཉིད་ཀྱིས་མཛད་པའི་དེ་ཁོ་ན་ཉིད་བཅུའི་སྙིང་པོ་གསལ་བར་བྱེད་པ་ལེགས་པར་བཤད་པའི་སྒྲོན་མེ་ཞེས་བྱ་བའི་སྟེང་ནས་བཤད་པ་དཔྱིས་ཕྱིན་པར་གསན་ཏེ། མདོར་ན་རྣལ་འབྱོར་རྒྱུད་འདི་སྐོར་གྱི་ཕྱག་ཁྲིད། གར་དབྱངས། ཐིག་ལ་སོགས་པ་མ་ཚང་བ་མེད་པར་གནང་བས་ཆོས་འདི་པ་ལ་མཁས་ཤིང་མི་འཇིགས་པའི་སྤོབས་པ་བརྙེས་པ་ཡིན་ནོ། །
དེ་ལྟར་ཆོས་སྐོར་འདི་དག་ཡོངས་སུ་རྫོགས་པར་གནང་བའི་མཐའ་རྟེན་དུ། "ད་ནི་ཆོས་བདག་པོའི་ལག་ཏུ་འཕྲོད་པས་བསམ་པ་ཚིམ་མོ"་ཞེས་རྒྱལ་ཚབ་ཏུ་མངའ་གསོལ་གཟེངས་བསྟོད་དང་བཅས་ཏེ། བུ་སྟོན་རིན་པོ་ཆེའི་དབང་བུམ་དུས་འཁོར་ནས་བཤད་པའི་ཕྱག་ཚད་དང་མཐུན་པ་བུམ་ཆུའི་རྒྱུན་དང་བཅས་པ། བུ་སྟོན་རིན་པོ་ཆེའི་ཕྱག་གཟོམ་བྱང་ཆུབ་ཤིང་ལས་གྲུབ་པའི་དུས་འཁོར་གྱི་ཕུར་པ། ཁ་ཊྭཱཾ་ག་གཞན་ཡང་རབ་གནས་ཀྱི་བྱེ་བྲག་བུམ་སྨན་སྐམ་ཚང་མ། ཧོར་དྲིལ། ཧོར་ཆོལ་སོགས་སྔགས་ཆས་ཀྱི་ཁྱད་ནོར་མང་པོའི་གནང་[A:63]སྐྱེས་བཟང་པོ་དགྱེས་པར་བསྩལ་ཞིང་། རྒྱལ་པོ་ཆེན་པོ་རྣམས་ཐོས་སྲས་ཞི་དྲག་གི་རྗེས་སུ་གནང་བ་ཡང་གསན་ནོ། །