[B:3a]སྤྱོད་པར་མཛད་པ་ལས། སྙིགས་མ་ལྔའི་རང་བཞིན་ཅན་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་ལྷག་པོར་ཐུགས་རྗེའི་སྤྱན་རས་ཀྱིས་བཙའ་ཞིང་། ཐབས་མཁས་པའི་ཕྱག་གིས་དྲང་བར་མཛད་པ་པོ་སྟོན་པ་གཞན་ལས་སྙིང་སྟོབས་ཕུལ་དུ་བྱུང་བ་ནི་མཉམ་མེད་ཤཱཀྱ་ཐུབ་པ་ཞེས་གྲགས་པའི་སྟོན་པ་མཆོག་འདི་ཡིན་ལ། སྟོན་པ་འདིས་འཛམ་བུའི་སྒྲས་མཚན་པའི་ཞིང་འདིར་མཛད་པ་བཅུ་གཉིས་ལ་སོགས་པ་རྣམ་པར་རོལ་པའི་བཀོད་པ་རྒྱ་ཆེན་པོས་གདུལ་བྱ་རྣམས་ཀྱི་[A:5]དོན་མཛད་ནས། བསྟན་པ་རིན་པོ་ཆེ་ཕན་བདེའི་གཞིར་གྱུར་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་དང་། བསྟན་པའི་གནས་ཚད་དང་། བསྟན་པ་བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་ལུང་བསྟན་པའི་དབང་གིས། གངས་རིས་བསྐོར་བའི་ལྗོངས་འདི་ཉིད་འཕགས་པ་ཕྱག་ན་པདྨོ་ཅན་ལ་སོགས་པའི་ཁྱད་པར་གྱི་གདུལ་བྱའི་འོས་སུ་གྱུར་པས། བོད་ཁམས་ཆོས་ཀྱི་མངའ་རིས་ཆེན་པོས་བསྐྱང་བའི་ཕྱིར། ས་ཆེན་པོ་སྐྱོང་བའི་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་རིམ་པར་བྱོན་ནས། ཞི་བ་བཙན་པོའི་ཕྲིན་ལས་ཀྱིས་མངའ་འབངས་སུ་ཕབ་སྟེ། དེ་ནས་རིམ་གྱིས་དམ་པའི་ཆོས་ཀྱི་སྲོལ་ཆེན་པོ་ལ་འཛུད་པར་མཛད་པས། བོད་མཐའ་འཁོབ་ཏུ་གྲགས་པ་འདི་དག་འཕགས་ཡུལ་ལས་ཀྱང་བླ་ལྷག་པའི་བསྟན་པ་རིན་པོ་ཆེ་ལ་དབང་འབྱོར་བ་ཡིན་ཞིང་། དེ་བས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རིས་མེད་པ་དང་། ཁྱད་པར་བོད་ཁམས་རྒྱ་ཧོར་དང་བཅས་པའི་ཞིང་ཁམས་སུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྔ་བོ་ཆེ་བརྡུངས་པས། གདུལ་བྱ་བསམ་གྱིས་མི་ཁྱབ་པ་དག་ལས་དང་ཉོན་མོངས་པའི་གཉིད་འཐུག་པོ་ལས་སད་པར་མཛད་ནས། ཚུལ་གསུམ་གྱི་