[B:31a]ལས་ལ་སྦྱོར་བ་དང་བཅས་པ་ཐ་དད་ཀྱི་སྐབས་གཞན་མཚན་མ་རྙེད་ཀྱི་བར་མཛད་པས། ཡི་དམ་ཆོས་སྐྱོང་ནོར་ལྷ་དང་བཅས་པ་རྣམས་ལ་མངའ་བརྙེས་པ་ཡིན་ཏེ། སེམས་དཔའ་ཆེན་པོ་མཁས་ཆེན་ནམ་མཁའ་ཆོས་བཟང་གིས་རྗེ་ཉིད་ཀྱིས་གུར་རིགས་བསྡུས་ཀྱི་སྒྲུབ་མཆོད་མཛད་དུས་དཔལ་དགྱེས་པ་རྡོ་རྗེའི་རྣམ་པར་གཟིགས་པའི་ཉམས་ཀྱང་བྱུང་། ཡང་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་གནང་དུས། རྗེ་བཙུན་ཉིད་རྡོ་རྗེ་གཞོན་ནུ་སྐུ་རྒྱན་སོགས་ལོངས་སྐུའི་རྣམ་པ་ལ་ན་བཟའ་རབ་བྱུང་གི་ཆོས་གོས་བཞེས་པར་གདུལ་བྱ་ལས་དག་པ་འགའ་ཞིག་གིས་མཐོང་བའི་སྣང་བ་ཤར། སྤྱིར་ཆོས་སྐྱོང་གི་བསྙེན་ཚད་རྟགས་དང་བཅས་པ་ལན་གསུམ་ཙམ་གནང་བ་ལས། གསུམ་པའི་ཚེ་དུས་གཏོར་ཞིག་གི་དུས་སུ་སྔར་བས་ཟིལ་ཆེ་ཞིང་ཞབས་འབྲིང་པ་རྣམས་སྐྱི་གཡའ་བར་བྱུང་ཞིང་། དེའི་སྲོད་ཀྱི་དུས་ཙམ་ན་སྒྲ་ཆེན་[A:96]པོ་དང་། འཕྲལ་དུ་སྤོས་གཏོང་མཁན་མེད་ཀྱང་ཆོས་སྐྱོང་གི་སྤོས་སྦྱོར་གྱི་ངད་ཆེན་པོ་ལྡང་བ་དང་། གཟི་བྱིན་ཤིན་ཏུ་ཆེ་བའི་ངང་ནས། རྗེ་འདི་ཉིད་ཀྱི་སྐུ་མདུན་གྱི་ནམ་མཁའ་ལ་གུར་གྱི་མགོན་པོ་པད་ཉི་རོའི་གདན་ལ་སྐུ་མདོག་སྔོན་པོ་ཞབས་གཡས་ཅུང་ཟད་ཕྱེད་དཀྲུང་གི་ཚུལ་གྱི་རྟིང་པ་ལ་ཞབས་གཡོན་གྱི་བྲང་གཏད་པ། ཕྱག་གཉིས་གྲི་ཐོད་སྟེང་འོག་ཏུ་འཛིན་པ། དབུ་སྐྲ་སེར་པོ་གྱེན་དུ་ལངས་པ་ལ་ཐོད་སྐམ་ལྔའི་དབུ་རྒྱན་ཅན། སྟག་ལྤགས་ཀྱི་ཤམ་ཐབས་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྐུ་གཡོན་དུ་ཅུང་ཟད་འགྱིང་ཞིང་མེའི་རྒྱབ་ཡོལ་དང་བཅས་པ་འཇིགས་སུ་རུང་བ་བལྟ་བར་མི་བཟོད་པའི་གཟི་བྱིན་ཅན་ཞིག་མངོན་སུམ་དུ་གཟིགས་པ་ལས།
ཐུགས་བདེ་བ་དང་དཔའ་བའི་ཉམས་དང་ལྡན་བཞིན་པའི་ངང་ནས་ཇི་ཞིག་ན་མི་སྣང་བར་གྱུར་པས། དེ་དག་གི་སྐུའི་བཀོད་པ་འཕྲལ་དུ་བྲི་བའི་སླད་དུ་ཞབས་འབྲིང་བ་རྣམས་ལ་རས་གཞི་ཞིག་གི་རྩོལ་བ་གྱིས་བཀའ་བསྩལ་བས། མཚན་མོ་དེ་མ་ཐག་རས་གཞི་