[B:32a]ཀྱི་ངང་དུ་སོང་བ་བྱུང་ཞིང་།
ཡང་ཁའུར་ཐེགས་པའི་ཚེ། དེ་སྔ་གདུང་རྒྱུད་རྩོད་བྲལ་དང་དམ་ཚིག་ཅན་ལ་ཆོས་སྐྱོང་གི་བསུ་ཆང་དུ་གྲགས་པ་ཡོང་བ་ཡིན་འདུག་པ་བཞིན། དེ་དུས་དགུན་སྨད་ཡིན་ཀྱང་ཁའུ་གཙང་པོ་གློ་བུར་དུ་འུར་སྒྲ་དང་བཅས་ཏེ་སྔར་གྱི་ལམ་ལ་མི་ཤོང་བ་ཙམ་བྱུང་། སྐྱེས་ལྷས་རང་དུ་ཕེབས་ཏེ་མཆོད་གཏོར་བསྐང་གསོ་རྒྱས་པར་གནང་དུས། བྲག་གསེབ་ནས་མི་རྐང་གི་སྒྲ་བྱིན་གྱིས་ཐོས་པ་བྱུང་བས། ཐམས་ཅད་སྐྱི་བུང་ཞེས་བྱེད་དེ་གཅིག་གིས་གཅིག་ལ་ལག་པ་[A:99]འཇུ་ཞིང་ངོ་མཚར་བར་གྱུར། རྗེ་བཙུན་དམ་པ་ཉིད་ཀྱི་བྲག་སྒོའི་ཐད་ན་གཉན་གྱི་མགོན་པོ་བྲམ་ཟེའི་གཟུགས་སུ་སྐུ་ཕྱེད་ཙམ་གཟིགས་ཤིང་ཕྲིན་ལས་ཇི་ལྟར་བསྒོ་བ་བཞིན་མཛད་པའི་ཚུལ་བསྟན་པ་བྱུང་བར་འདུག །ལོ་མང་སྒྲུབ་པ་བྱས་པའི་ཁམས་པ་ཞིག་གིས། རྗེ་ཉིད་ས་ཆེན་དུ་དངོས་སུ་མཐོང་བའང་བྱུང་སྟེ་མི་ཕྱེད་པའི་དད་པ་སྟོབས་སུ་གྱུར་རོ། །
ཡང་གཉན་མགོན་ཞལ་བཞི་པའི་སྒོ་ནས་གཏོར་མ་ཞི་དྲག་གི་ཆོ་ག་གནམ་ལྕགས་འབར་བ་ཐུགས་རྩོམ་གནང་། དེ་དག་གི་ཕྱག་ལེན་རྣམས་རྒྱས་པར་འཛུགས་པ་གནང་དུས། གཏོར་ཆེན་གྱི་དཔེ་ཁ་ཅིག་ཏུ་གཏོར་ཆེན་གྱི་དཀྱིལ་འཁོར་ཞལ་མ་ཕྱེ་བར་ཞེས་པ། གཏོར་སྐྱོང་གི་དཀྱིལ་འཁོར་ཡིན་ཟེར་བར་འདུག་པ་ལ་འཐད་པར་མ་མཐོང་ཡང་ཡི་གེ་རྙིང་པར་འདུག་པས་ཐེ་ཚོམ་དུ་གྱུར་པའི་ཚེ།
འདི་སྐད་དུ། གཏོར་སྐྱོང་འཇམ་པ་དང་གཏོར་ཆེན་རྩུབ་པ་ཡིན་པས་འདི་གཉིས་ཐ་དད་དུ་བྱ་ཡི་སྦྲེལ་རྒྱུ་མ་ཡིན་ཞིང་། གཏོར་ཆེན་གྱི་གཏོར་མ་དཀྱིལ་འཁོར་གྱི་བྱང་ངོས་སུ་ཞེས་པ་རྟེན་གྱི་དཀྱིལ་འཁོར་གྱི་བྱང་ངོས་ཡིན། ཞེས་པ་རྨི་ལམ་དུ་ལུང་བསྟན་གསལ་པོར་ཐོབ་པས་ངེས་པ་རྙེད་ཅིང་། ཆོས་འདིའི་ཁུངས་བཙུན་པར་གྱུར་[A:100]པ་ཡིན་ནོ། །འོ་ན་གཏོར་ཆེན་གྱི་དཀྱིལ་འཁོར་ཞལ་མ་ཕྱེ་བར་ཞེས་པ་གང་ཡིན་སྙམ་ན། འོག་གི་ཆོས་འབྱུང་དང་བཅས་པའི་གཏོར་ཆེན་ཉིད་མ་བཤམས་པའི་ཆོ་གའི་བསྐུལ་ཚིག་རྣམས་མི་བརྗོད་