[B:4a]ཞེས་མཚན་ལན་ཅིགགཅིག་ཐོས་པའམ། ཡིད་ལ་དྲན་པ་ཙམ་གྱིས་སྲིད་པ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་ནུས་ཤིང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་དཔལ་ལ་འགོད་པར་ནུས་པ་གང་དེའི་རྣམ་པར་ཐར་པ་ཇི་སྙེད་པ་ནི། ས་མཐོན་པོ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་བགྲང་བའི་ཡུལ་ལས་འདས་ན། ཉིད་ཅག་བླང་དོར་གྱི་གནས་ལ་བློ་གྲོས་ཀྱི་མིག་མ་བྱེ་བའི་ཚུར་མཐོང་གི་བུས་པ་དག་གིས་བློའི་དཔྱོད་ཡུལ་དུ་ཇི་ལྟར་འགྱུར། འོན་ཀྱང་རྒྱ་མཚོ་ཆེན་པོ་ལས་ཆུའི་ཟེགས་མ་ཆུང་ངུས་ཀྱང་ཚ་གདུང་བཅིལ་བར་བྱེད་པ་[A:8]བཞིན། ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་མ་ལུས་པའི་ཡོན་ཏན་ལ་རྡུལ་སྙེད་ཀྱི་ལུས་ལས་དེ་ཉིད་ཀྱི་སྨྲ་བའི་དབང་པོ་སྤྲུལ་ཏེ་བསྔགས་པ་ལས། མཆོག་གི་རྡོ་རྗེ་སློབ་དཔོན་གྱི་སྐུའི་བ་སྤུའི་ཆ་གཅིག་ལ་བསྟོད་པའི་བསོད་ནམས་ཀྱི་ཚད་ཁྱད་པར་དུ་འཕགས་པ་ཚིག་གི་ཡུལ་དུ་མི་འགྱུར་བ་དེ་ལྟ་བས་ན། རྗེ་བཙུན་དམ་པ་དེ་ཉིད་ཀྱི་རྣམ་ཐར་སྒྲོ་སྐུར་རབ་བཏགས་ཀྱི་བརྗོད་པ་སྤངས་ཏེ། སྐལ་བ་མཚུངས་པ་རྣམས་ཀྱི་མངོན་དུ་གྱུར་པའི་མཛད་པ་རྣམས་ཐོར་ལོང་ཙམ་པ་ཅུང་ཟད་ཅིག་བརྗོད་པར་སྤྲོ་སྟེ།
Biographical Outline, Contents of Hagiography
དེ་ཡང་།
ཡིད་ཆེས་སྔོན་བྱུང་ངོ་མཚར་གཏམ། །
ཞིང་འདིར་བལྟམས་དང་གཞོན་ནུའི་དུས། །
གཞན་ལས་ཁྱད་པར་འཕགས་པའི་ཚུལ། །
འཇིག་རྟེན་མཐུན་འཇུག་དེ་དག་ལ། །
ངེས་པར་འབྱུང་སྟེ་རབ་ཏུ་བྱུང་། །
རླབས་ཆེན་སྤྱོད་པ་རྣམ་པར་དག། །
ཡོངས་འཛིན་མཆོག་བསྟེན་ཐོས་བསམ་གྱིས། །
གསུང་རབ་ཀུན་གྱི་བདག་པོར་གྱུར། །
ཐུན་མོང་ཐུན་མོང་མ་ཡིན་པའི། །
ལམ་ལས་འབྲས་བུ་དངོས་གྲུབ་བརྙེས། །
བསྟན་པ་སྤྱི་དང་ཁྱད་པར་གྱི། །
རྩ་ལག་ཆོས་ཀྱི་རྒྱལ་མཚན་བཙུགས། །
འཆད་རྩོད་རྩོམ་པས་ཐུབ་བསྟན་གསལ། །