[A:༡༠༥]བདེ་བའི་སྨོན་ལམ་མང་པོ་མཛད། བུད་མེད་དེ་ལ་ཁྱེད་སུ་ཡིན་དྲིས་པས་ཁྱེད་རང་རྣམས་ཀྱིས་དུས་རྒྱུན་འབོད་པའི་ཡེ་ཤེས་མཚོ་རྒྱལ་བྱ་བ་དེ་ཡིན་གསུངས། འོ་ན་བོད་ཁམས་བདེ་བའི་ཐབས་ཅི་དྲག་ཞུས་པས། ལུང་བསྟན་མང་དུ་གསུངས། བོད་འདིར་ནང་འཁྲུགས་ཞིག་མ་བྱུང་ན་རེ་ཞིག་སྐྱོན་མེད། འོན་ཀྱང་ལོ་གསུམ་གྱི་ནང་ཚུན་ནང་འཁྲུགས་ཞིག་འབྱུང་བས་དེ་ལ་བརྟེན་ནས་ཀླ་ཀློས་ཉེན་ཆེ། ལར་ཁྱེད་རང་རྣམས་ནས་བྱ་དགོས་ངེས་དེ་ཅིའང་མི་བྱེད། ཁྱེད་ཀྱིས་མ་མཐའ་ནའང་ལོ་བརྒྱད་ཀྱི་སྐབས་ལ་ཁོ་མོས་ཡང་ཕུར་སྒྲུབ་ཐབས་བྱིན་པ་དེ་ཙམ་ཡང་རང་བཞིན་གལ་ཆུང་བསྐྱུར་བ་དེའང་མ་ལེགས་སོགས་གསུངས་ནས་བར་སྣང་ཐམས་ཅད་ཌ་མ་རུའི་སྒྲ་ཤར་ཤར་གྱིས་གང་བ་བཅས་མཁའ་ལ་གཤེགས། དེའི་ཕྱིར་ཉིན་དགུང་ལོ་བརྒྱད་པར་མཁའ་འགྲོ་མཚོ་རྒྱལ་གྱིས་སྩུལ་བའི་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་ཕབ་པའི་ཡི་གེ་པ་ཁོ་བོས་ཞུས། ཉི་ཟློག་དང་འགྲིགས་པས་གཏོར་ཟློག་ཀྱང་གནང་བར་མཛད་དོ། །ཟླ་བ་བཅུ་གཅིག་པ་ཕྱི་མའི་ཚེས་ལྔ་ནུབ་རྨང་ལམ་དུ། དཔལ་སྤུངས་བྱང་འདྲེན་རབ་གྲུབ་ནས་ཕུར་པའི་བྲིས་ཐང་རི་མོ་སོགས་གསར་ཉམས་ཅན་ཧ་ཅང་ཁྱད་མཚར་མི་ཆེ་བ་ཞིག་ཁུར་ནས་འདི་ཤིན་ཏུ་རྩ་ཆེན་ཡིན་པས་རབ་གནས་ཞིག་ཞུ་ཟེར། འདི་དེ་ཙམ་གྱི་རྙིང་ཉམས་བཅའ་ཁ་སོགས་མི་འདུག་པས་ན་མ་ཅི་ཆེ་གསུངས་པས། འདི་ནི་སྤང་མི་རབས་བཅུ་གསུམ་གྱི་ཐུགས་དམ་རྟེན་སོ་སོ་ལ་གསུང་བྱོན་པའི་རྩ་ཆེན་ཡིན་ཟེར་མ་ཐག །ཁོ་བོ་དེར་འདུག་པས་གྲུ་ཚུགས་ཤིག་བྱས་སོང་བར་རྫོགས་ཆེན་མཁན་པོ་པད་རྡོར་ལྟ་བུར་གནས་འགྱུར་བས་སྐད་ཆེ་སྙན་འབྲུག་སྒྲ་ལྟ་བུས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་སོགས་ཛབ་དབྱངས་ས་གཡོ་བ་ལྟ་བུ་བྱས་པ་དང་ལྷན་ཅིག་ཕུར་སྐུ་དེ་རྡོ་རྗེ་གཞོན་ནུ་དངོས་སུ་