[A:༡༤༦]ཅིས་ཀྱང་ངོ་མཚར་བའི་གནས་སོ། །ཇི་སྐད་དུ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བས་ཡིད་རབ་དྲངས། །དོན་སྤྱོད་པ་ཡིས་བག་ཕབས་ཏེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་པ་ལྟར་བསྡུ་བའི་དངོས་པོ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཐབས་ལ་བསྐལ་པར་གོམས་པ་བརྟན་པའི་མཐུས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་ངོགས་དམ་པ་འདི་ལྟ་བུའི་ཕྲིན་ལས་རྨད་དུ་བྱུང་བ་བདག་གིར་མཛད་པས། མཆོག་དམན་ཀུན་ལ་ཟང་ཟིང་དངོས་པོའི་གནང་སྦྱིན་གྱ་ནོམ་པ་ཕངས་པ་མེད་པར་སྟེར་བས་དགའ་བ་དང་མགུ་བ་སྐྱེད་ཅིང༌། དམན་པའི་འགྲོ་བ་བྱ་ཁྱི་ཡན་དབུལ་ཞིང་ཕོངས་བའི་རིགས་ལ་གང་འཚམས་ཀྱི་ཟས་གོས་སོགས་ལྷུག་པར་སྩལ་བས་ལུས་སེམས་ལ་ཕན་པ་ཉེ་བར་བསྒྲུབ་པ་དང༌། ཐ་ན་གསུང་ཚིག་སྙན་ཅིང་ཡིད་དུ་འོང་བའི་འཕྲོས་གཏམ་གནང་བ་ཡན་གྱིས་གཞན་སེམས་ལ་སྤྲོ་བ་སྐྱེད་པ་སོགས་མདོར་ན་གཏོང་བ་ནམ་མཁའ་མཛོད་ཆེན་པོའི་སྒོ་གཏན་པ་མེད་པར་དབྱེ་བས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསགས་པའི་ནོར་བུའི་གྲམ་བུ་ཐང་མར་བརྡལ་བས་སྲིད་ཞིའི་དབུལ་བ་ཐམས་ཅད་གཅིག་ཅར་དུ་བཅོམ་པར་མཛད་པ་ཡིན་ནོ། །རྩ་བའི་ས་བཅད་བརྒྱད་པ་མཛད་པ་ཕྲིན་ལས་མཐར་ཕྱིན་ནས་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་ནི། རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དེ་ཉིད་ཐོག་མར་ཡོངས་འཛིན་དམ་པ་མང་པོ་བསྙེན་ནས་ཤེས་བྱའི་གནས་སྤྱི་དང་ཁྱད་པར་མདོ་སྔགས་ཀྱི་ཆོས་ཚུལ་རིས་སུ་མ་ཆད་པ་མཐའ་དག་ལ་གསན་བསམ་མཐར་ཕྱིན་པར་མཛད་པས་ཆོས་ཀྱི་རྒྱ་མཚོ་ཆེན་པོར་གྱུར། བར་དུ་གསན་པ་ཙམ་དུ་མ་བཞག་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་སྒོམ་སྒྲུབ་སྔགས་གསར་རྙིང་ཡོངས་