R206: རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་པ་ངོ་མཚར་ཨུ་དུམ་བ་རའི་དགའ་ཚལ།

  • Pagination (Witness A): ༡༤༩
[A:༡༤༩]པོ་མཛད། དེ་རྗེས་ནས་གསུང་གང་ཡང་མ་བྱོན་པར་མཉམ་པར་བཞག་བཞིན་པའི་ངང་ཉིན་ཕྱེད་མ་ཟིན་ཙམ་ལ་འོད་གསལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །དེ་སྐབས་ཁོ་བོ་ལའང་བྱ་མ་རྟ་འབྱོར་བས་རིངས་པར་བཅར་ཡང་གང་ཟག་གཞན་འགྲེལ་ཐུགས་དམ་གསལ་འདེབས་སོགས་ཞུ་བའི་ཡུལ་མིན་ཅིང་འདིར་སྣང་སྤྲུལ་པའི་བཀོད་པ་བསྡུས་པའི་དེ་མ་ཐག་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་དགོངས་པ་དབྱེར་མེད་བུམ་པ་ཆག་པའི་ནམ་མཁའ་དང་ཕྱིའི་ནམ་མཁའ་དབྱེར་མེད་དུ་འདྲེས་པ་ལྟར་གྱུར་པ་ལ་སྔོན་ནས་ངེས་ཤེས་རྙེད་ཟིན་པས་མཆོད་འབུལ་དང་གསོལ་འདེབས་ཐུགས་ཡིད་བསྲེ་བའི་མཉམ་བཞག་གཙོ་བོར་བགྱིས། ཞག་གསུམ་པའི་ཉིན་སྤྱི་འགྲེ་ལྟར་ཆོས་སྐུ་ལས་གཟུགས་སྐུའི་རྣམ་པར་བཞེངས་པར་བསྐུལ་ནས། བླ་མ་མཆོད་པའི་རིམ་པ་གསོལ་འདེབས་སྨོན་ལམ་སོགས་ཡིད་ཚིམ་པར་ཞུས། ཐར་རྩེ་མཁན་རིན་པོ་ཆེ་འཇམ་དབྱངས་རིན་ཆེན་རྡོ་རྗེ་ཡང་ཕེབས་གྲུབ་པ་དང་ཁོ་བོ་བཅས་ནས་རྣམ་འཇོམས་དང་སྨེ་བརྩེགས་སོགས་ཀྱིས་བསྒྲུབས་པའི་ཁྲུས་ཆུས་སྐུ་གདུང་རིན་པོ་ཆེ་ལེགས་པར་བཀྲུས། དྲི་བཟང་གི་ཕུར་མས་བྱུགས། གསེར་སྦྱང་གིས་བྲིས་པའི་གནས་ཡིག་གསར་རྙིང་གི་རྒྱུད་སྡེ་གོང་འོག་རྣམས་ལས་འབྱུང་བ་དང༌། སངས་རྒྱས་སྲས་གཅིག་གི་རྒྱུད་བཏགས་གྲོལ་གྱི་གླེགས་བམ་དང་འཁོར་ལོའི་རིགས་མང་པོ། །བླ་མ་དགོངས་འདུས་རྒྱུད་དགུ་སོགས་སྐུའི་གནས་རྣམས་སུ་ཕུལ། རས་དཀར་དྲི་བཟང་གི་ཆུས་བགོས་པས་སྐུ་ལ་དཀྲིས། དབུ་རྒྱན་ཐོར་ཚུགས་སྟོད་གཡོགས་སྨད་གཡོགས་གསོལ། ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་ཕུལ་ཏེ་ལོངས་སྤྱོད་རྫོགས་པའི་རྣམ་པས་གཟིམས་ཆུང་ཕྱི་མའི་ཉིན་བཞུགས་ཀྱི་གདན་ལ་བཞུགས་སུ་གསོལ།