[A:༡༡༢]ཅད་བིརྺ་པས་བཤིག་གིན་འདུག་ཟེར་བ་ཐོས་པས། བཤིག་གིས་དོགས་ནས་རང་རང་གི་ལྷ་རྟེན་གྱི་སྤྱི་བོར་སངས་རྒྱས་པའི་སྐུ་དང་མཆོད་རྟེན་ལ་སོགས་པ་བཞག་གོ །དེ་གཟིགས་པས་རང་གི་མིང་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་དགོངས་ཏེ་མཉེས། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་ན་ལྗོན་དམར་ལས་བྱས་པའི་དབང་ཕྱུག་ཆེན་པོའི་སྐུ་རྟེན་ཏམ་པ་པྲ་ཏི་མ་བྱ་བའི་ཁྲུ་བརྒྱད་ཅུ་པ་ཡོད་དེ། དེ་ལ་ཉིན་རེ་ལ་མ་ཧེ་བརྒྱ་ཕྲག་རེ་བསད་ཅིང་མཆོད་པ་བྱེད་ཀྱིན་ཡོད་པ། དེའི་རྐང་པ་ལ་རྡོག་པ་གཅིག་བརྒྱབས་ནས་ཕར་འདོང་གསུངས་པས། དེ་ལངས་ཏེ་ཕྱི་ལ་ཁྲིད་པ་དང༌། མུ་སྟེགས་པ་རྣམས་སྐྲག་སྟེ་གསོལ་བ་བཏབ་པས། སློབ་དཔོན་ན་རེ། འོ་ན་ར་དང་མ་ཧེ་མི་གསོད་པར་འབྲས་ཆན་ལ་སོགས་པས་མཆོད་པ་བྱེད་ན་གཞག །དེ་ལྟར་མི་བྱེད་ན་མི་འཇོག་གསུངས་པས། དེ་ལྟར་ཁས་བླངས་ཏེ་སྔར་གྱི་སར་བཞག་ནས་དུས་དེང་སང་གི་བར་དུའང་ཡོད་གསུངས། གནས་དེ་ནས་ཤར་ཕྱོགས་ངོས་ན་ས་ཧ་ཛ་དེ་ཝཱི་ཞེས་བྱ་བ་ན། རང་བྱུང་གི་ཏྲི་ཤཱུའུ་ལ་དང༌། ལྷ་མོ་ཙཎྜི་ཀའི་རང་བྱུང་གི་རྡོ་སྐུ་ཡོད་པ་ལས། ཕྱི་རོལ་པའི་རྣལ་འབྱོར་མ་རྣམས་ཀྱིས་མི་བྱུང་ཚད་དེར་ཁྲིད་པས། རང་བྱུང་གི་ཏྲི་ཤཱུ་ལ་ལྐོག་མར་ཟུག་ནས་འཆི། དེའི་ཤས་ཚོགས་ཀྱི་མཆོད་པ་བྱེད་པ་ལ། དེའི་སར་སློབ་དཔོན་དཔོན་གཡོག་གསུམ་གྱིས་ཕྱིན་པས། རྣལ་འབྱོར་མ་རྣམས་ཀྱིས་ཟ་བར་འདོད་ནས་ཚོགས་ཁང་གི་ནང་དུ་བོས་པས། སློབ་དཔོན་གྱིས་གཡོག་གཉིས་ལ་དབུགས་ཕྱིར་རྒྱུར་མ་གཞུག་པར་ནང་དུ་སྡོམས་ལ་སྡོད་གསུངས་ནས། སློབ་དཔོན་ཉིད་ནང་དུ་བྱོན་པ་དང༌། རྣལ་འབྱོར་མ་རྣམས་ན་རེ། ཁྱོད་ཀྱི་གྲོགས་གཉིས་པོ་གར་སོང་ཟེར། ཕྱི་རོལ་ན་འདུག་གསུངས་པས། འདིར་ཁུག་ཟེར། ཁྱེད་རང་