[A:༡༢༡]ལྔས་ལམ་ཡོངས་སུ་རྫོགས་པའོ། །ཞེས་གསུངས་ཏེ། རྟེན་འབྲེལ་ཚོགས་ན་མེ་འབྱུང་བ་བཞིན་དུ་བསྐྱེད་རྫོགས་ཀྱི་རྟེན་འབྲེལ་ཚོགས་པ་གནད་དུ་ཆེ་བར་བཞེད་དོ། །དེ་ལྟར་སློབ་དཔོན་དྲུག་གི་བཞེད་པས་གནད་དུ་ཆེ་བ་དྲུག་ལས་ཀྱང༌། གཞན་ལྔ་པོའང་རྟེན་འབྲེལ་ལྔ་གནད་དུ་ཆེ་བ་འདིར་འདུས་པས། ལམ་འདི་ནི་སྒྲོ་སྐུར་ཐམས་ཅད་དང་བྲལ་བའི་ལམ་ཡིན་ནོ། །དེ་ལྟར་བླ་མའི་གསུང་དང་དམ་པའི་ངག །བརྒྱུད་པའི་ཚིག་ལ་རིག་པས་ལེགས་དཔྱད་ནས། །མཐའ་གཉིས་སྤངས་ཏེ་བརྒྱུད་པའི་བླ་མ་ཡི། །མཛད་སྤྱོད་རྨད་བྱུང་ངོ་མཚར་དཔག་ཡས་ལས། །ཆེ་ལོངས་ཙམ་ཞིག་བསྡུས་ནས་འདིར་བཀོད་དོ། །དམ་པའི་ཡོན་ཏན་གཏིང་མཐའ་མི་དཔོགས་ཤིང༌། །བདག་བློ་སྲིན་བུ་མེ་ཁྱེར་ལྟ་བུ་ཡིས། །མོས་པའི་བློ་ཡིས་ཅུང་ཟད་དཔྱད་པ་ལ། །ནོངས་པ་གང་དེ་བླ་མའི་ཚོགས་ལ་བཤགས། །དགེ་བས་རྟག་ཏུ་བླ་མའི་ཞབས་པདྨོར། །གུས་པས་བསྟེན་ཅིང་དེ་དག་ཐུགས་རྗེ་ཡིས། །ཉེ་བར་བཟུང་སྟེ་སངས་རྒྱས་སར་བགྲོད་ཤོག
Colophon
།བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ་ཞེས་བྱ་བ་འདི་ནི། རྡོ་རྗེ་འཛིན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་ཉི་སྒྲོལ་གྱི་ལོ་ས་ག་ཟླ་བའི་ཉེར་གསུམ་ལ་ཁའུ་སྐྱེད་ལྷས་ཀྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་དགེ་བའི་བཤེས་གཉེན་ཤེས་རབ་རྡོ་རྗེས་བགྱིས་ཏེ་མཐར་ཕྱིན་པར་གྲུབ་པའོ། །ས་མཱཔྟ་མི་ཐཱི།།