R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༧༥
[A:༧༥]དཀའ་བ་འགའ་ཞིག་དགོས་པ་ཁྱད་པར་ཅན་མཐོང་བའི་ཚེ་མཆོད་པའི་ཁྱད་པར་དང་བཅས་པས་གསོལ་བ་བཏབ་ནས་ཞུས་ན་རྣལ་འབྱོར་དབང་ཕྱུག་གིས་དངོས་སུ་སྟོན་ཞེས་རྗེ་པ་ཉིད་གསུངས་པ་དང༌། བླ་མ་ལ་གུས་པའང་བླ་མ་ཡབ་སྲས་ངེས་པར་རྡོ་རྗེ་འཆང་ཡིན་པ་ལ་ཐེ་ཚོམ་མི་མངའ་བར་ཞལ་བཞུགས་པ་ན་སྐུ་གསུང་ཐུགས་ཇི་ལྟར་མཉེས་པ་བཞིན་བསྒྲུབས་ནས་ཐ་ན་ཀྱལ་ཀའི་ཕྱིར་ཡང་གསུང་མི་ཟློག །སྐུ་འདའ་བའི་ཚེའང་བདག་ཉིད་གླུད་དུ་གཏོང་བའི་བར་དུ་མཛད། སྐུ་འདས་པ་ན་ཕྱོགས་རིས་ཀྱི་དགེ་འདུན་རྣམས་སྤྱན་དྲངས་ནས་ཆོས་འཁོར་བསྐོར། ཆོས་དང་ཟང་ཟིང་གི་སྦྱིན་གཏོང་རྒྱ་ཆེན་པོ་མཛད། ཕྱི་རྟེན་ནང་རྟེན་གྱིས་ཐོག་དྲངས་པའི་སྐུ་གཟུགས་དང་གསུང་རབ་འགྱུར་རོ་ཅོག་ཕལ་ཆེར་བཞེངས། གཙུག་ལག་ཁང་དང་མཆོད་པའི་ཡོ་བྱད་མང་དུ་བསྒྲུབས། དགེ་འདུན་བརྒྱ་ཙམ་གྱི་རྟེན་གཞི་མཛད་དེ། མདོར་ན་ཆོས་དང་ཟང་ཟིང་ཇི་སྙེད་བྱུང་ཡང་བླ་མ་དཀོན་མཆོག་མཆོད་པ་དང༌། མགོན་མེད་ལ་སྟེར་བས་བདེ་བ་ཅན་དུ་གཤེགས་ཙ་ན་གདན་དང་ན་བཟའ་ཕྲུགས་གཅིག་མ་ཡིན་པ་གསེར་ཏིལ་འབྲུ་ཙམ་མམ། ཡོ་བྱད་བྲེ་གང་རི་བ་མ་བཟུང་བ་ནི་ངོ་མཚར་ཆེ་བ་ཡིན་ནོ། །བཞི་པ་ནི། རྗེ་དེ་ཉིད་ཀྱི་ཞལ་ནས་ཁོ་བོ་ལོ་ཉི་ཤུ་པའི་ལོར་གཡེང་བས་ཉིན་ཕྱེད་གཅིག་གཉིད་དུ་སོང་བའི་རྨི་ལམ་དུ་མཚན་བརྗོད་བཏོན་པས་ཕྱེད་ཙམ་ཐོན་ཙ་ན་གཉིད་སད། ཡང་ལོ་ཉེར་གཅིག་པའི་གཡེང་བར་ཉིན་ཕྱེད་ཙམ་ཅིག་གཉིད་དུ་སོང་བའི་རྨི་ལམ་ན་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་བྱས་ཏེ། མཚན་བརྗོད་ཚར་གཅིག་ཁ་ཏོན་དུ་བཏོན་པ་རྨིས་པའི་རྗེས་སུ་འཕགས་པ་འཇམ་དཔལ་སྐྱེ་བ་བདུན་གྱི་བར་དུ་ཡི་དམ་གྱི་ལྷའོ་ཞེས་ལུང་བསྟན་པ་རྨིས་གསུངས།