[A:༧༧]བཙུན་གྱི་སློབ་མ་ཇོ་སྲས་ལས་ཀྱི་རྡོ་རྗེ། ཤ་སྟོན་བློ་གྲོས། གུར་རྒྱན་ཞུས་པའི་མིང༌། གྲགས་པའི་མཐའ་ཅན་གྱི་མིང་བཞི་སོགས་མང་པོ་བྱུང་ངོ༌། །སྤྱིར་ངས་སྐྱེ་བ་བདུན་ཙམ་དྲན་པ་རྨིས། གཉིད་སད་པ་དང་སྟོན་པ་སྔལ་སྟོན་གམ་ན་འདུག་པས་གསུང་རྣམས་ཐོས། དེ་ནས་མནལ་སད་པ་དང༌། སྤལ་སྟོན་ན་རེ། འདི་འདྲ་གསུང་གིན་གདའ་བྱས་ནས། དཔེ་གཡེང་བས་འགྲེལ་པ་དེ་སྣང༌། ཚིགས་བཅད་མི་སྣང་ངོ༌། །དུས་ཕྱིས་ལོ་སོ་བདུན་བཞེས་ནས་སློབ་དཔོན་རིན་པོ་ཆེ་བདེ་བ་ཅན་དུ་གཤེགས་ནས་རིང་པོར་མ་ལོན་པའི་ཚེ་དགུན་གྱི་ཐོ་རངས་མནལ་དུ་སོང་བའི་ཚེ་སློབ་དཔོན་རིན་པོ་ཆེའི་གདུང་གི་གསེབ་ན་སྦྲང་པོ་ཆེའི་སྐད་ལྟ་བུའི་སྒྲ་བར་སྣང་ལ་འཐོན་ཏེ་འདི་སྐད་ཅེས། ཁྱོད་འདི་ནས་བྱང་ཕྱོགས་སུ་ཞིང་ཁམས་དཔག་ཏུ་མེད་པ་འདས་པ་ན་འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་ཞེས་བྱ་བ་དེ་བཞིན་གཤེགས་པ་གསེར་འོད་རྣམ་པར་བརྩེགས་པ་ཞེས་བྱ་བའི་བསྟན་པ་ལ་ད་ལྟ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་མཐའ་ཡས་ཞེས་བྱ་བ་བཞུགས། དེའི་སྲས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེའོ་ཞེས་པའི་སྒྲ་བར་སྣང་ལ་གྲག་གོ །ཞེས་གསུངས། ལོ་ཞེ་དགུ་པ་ལ་རུ་མཚམས་སུ་སྔར་རེས་བྱོན་པའི་མནལ་ལམ་ན། རི་ཆེན་པོ་ཞིག་གི་ཞོལ་ན་ཁང་པ་ཆེན་པོ་ཞིག་གི་འོག་ནའང་མི་མང་པོ་ཏོང་ཏོང་འདུག །སྟེང་ནའང་མི་མང་པོ་འདུག་པའི་དབུས་ན་བླ་མ་ཡབ་སྲས་བཞུགས་པའི་དྲུང་ནས་གཞན་ཞིག་ཏུ་བཞུགས་དགོངས་ཙ་ན། བླ་མ་ཡབ་སྲས་ཀྱིས་བཞི་པའི་ལམ་བསྟན་ནས་མི་སྣང་བར་གཤེགས། སྟེང་གི་མི་རྣམས་ལ་ཁྱེད་འགྲོ་འདོད་པ་ཡོད་ན་ངའི་ཟླ་ལ་ཤོག །ལམ་རྒྱུས་ང་ལ་ཡོད་པ་ཡིན་བྱས་ནས་རི་དེའི་འཕྲེད་