R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༠
[A:༡༠]ཟེར། མདུང་བསྣུན་ཡང་ཟེར་ཏེ། གང་ལྟར་ཡང་རྒྱལ་པོ་ལ་མཚོན་བསྣུན་པས། རྒྱལ་པོ་ན་རེ། ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཟེར་རོ། །དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་གཙང་པོ་བརྒལ་ནས་བྱོན་པས་སོལ་བ་དག་སྟེ། མི་དཀར་རྟ་དཀར་མདུང་དཀར་ཅན་གཅིག་ཏུ་བྱས་ནས་ང་གནམ་ཐེལ་དཀར་པོ་ཡིན་ཟེར་ཞིང་བྱོན་ཏེ། གྲིབ་མདའི་འོ་བརྒྱལ་ཐང་ལ་ནུབ་མོར་གཟིམས་ནས་ཐོ་རངས་ཡེར་པར་བྱོན། སྤྲེའུ་དམར་སེར་དུ་བྱ་རྒོད་ཀྱི་ཐུལ་བ་གསོལ། ཉེ་འཁོར་རྣམས་སུ་རྡུལ་དང་དུད་པ་གཏོར། དེའི་སྟེང་དུ་མུག་མ་མང་པོ་གཏོར་བས། ཕོད་ཐུལ་ལེ། རྡུལ་ཁད་དེ། མུག་རྗེས་ལམ་མེ་བཞུགས་པས་མི་རྣམས་ན་རེ། རྒྱལ་པོ་སྡིག་ཅན་ལ་ལྷ་མ་སྲིན་རྣམས་ཀྱིས་ཆད་པ་ཕབ་ནས་བཀྲོངས་སོ་ཟེར། བློན་པོ་དང་རྗེས་གཅོད་རྣམས་ཀྱིས་ཡོང་སྟེ་མཐོང་བས་རྒྱལ་པོ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱ་བའི་མི་མ་འཕྲུལ་འདི་ཡིན་པ་འདྲ་སྟེ་མ་རྙེད་ཟེར་ནས་ལོག་སོང་སྐད། དེ་ནས་ཁོང་རྒྱ་ནག་ཏུ་བྲོས་པས་ཐར། མདོར་ན་ཁོང་གི་ནུས་པ་དང༌། གཡོ་ཐབས་ཀྱིས་རྒྱལ་པོ་བཀྲོངས་ཀྱང་བསྟན་པ་ཉམས་ཆེས་པའི་ཤུགས་ཀྱིས། བསྟན་པ་འཕེལ་བ་དང་དར་བ་ནི་ཡུན་རིང་གི་བར་དུ་མ་བྱུང་ངོ༌། ། གསུམ་པ་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ལ་སྟོད་ནས་དང༌། སྨད་ནས་བསྟན་པ་ཇི་ལྟར་དར་བའི་ཚུལ་གཉིས་ཀྱི། དང་པོ་ནི། ལྷ་བླ་མ་ཡེ་ཤེས་འོད་དང༌། ཇོ་བོ་རིན་ཆེན་བཟང་པོས་བསྟན་པའི་མེ་རོ་སྟོད་ནས་བསླངས་པ་ཡིན་ཏེ། ཚུལ་ཇི་ལྟར་ན། དར་མའི་སྲས་ཁྲི་དར་མ་འོད་སྲུང་དང༌། ཁྲི་ལྡེ་ཡུམ་བརྟན་གཉིས་བྱུང༌། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང༌། སྐྱིད་ལྡེ་ཉི་མ་མགོན་གཉིས། ཉི་མ་མགོན་