R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 62
[A:62]གསུངས་པས་ཅི་སྟེར་ཟེར། གསེར་སྦྱིན་བཟླས་པས། ནམ་སྟེར་ཟེར། གར་ཟད་པ་དང་སྟེར། ཅི་ཙམ་སྟེར། ཀར་ཤ་པ་ནི་སྟོང་གི་རིན་སྟེར་བཟླས་པས་ཌོཾ་བྷི་རྣམས་དགའ་ནས། གར་སྣ་ཚོགས་བྱས། མི་ཐམས་ཅད་དགའ། ཉི་མ་རྒས་ལ་ཁད་པས་གསེར་བླང་ཟེར། དོ་ནུབ་མི་མཐོང་སང་སྔ་དྲོ་སྦྱིན་བཟླས་པས། ཌོཾ་བྷི་རྣམས་ཡིད་མ་ཆེས་པ་ལ། ཁྱིམ་བདག་ན་རེ། རྣལ་འབྱོར་པ་རྫུན་མི་སྨྲ། ང་ཡི་བར་དུ་བསྡད། རྣལ་འབྱོར་པ་དཔོན་གཡོག་ལ་ང་ཡིས་འཚོ་བ་དྲང་། སང་ཉི་མ་གྲོས་པ་ལ་ལེན་དུ་ཤོག་བཟླས་པས་ཡིད་ཆེས་དེ་ལྟར་བྱས། སང་འདེད་དུ་ཕྱིན་པས། ཆུ་ཁར་འདེང་ངོ་མང་པོ་སྦྱིན་གྱིས་གསུང་ངོ་། །ཆུ་ལ་སྡིགས་མཛུབ་སྒྲེང་ནས་གར་གྱིས། བླ་བྱིན་གྱིས་གསུང་ནས་ཆུ་བོ་གྱེན་ལ་ཟློག་པའི་བྱེ་འདམ་གྱི་ནང་ནས། གསེར་སྙིམ་པ་གང་བླང་ནས་ཌོཾ་བྷི་རྣམས་ལ་སྦྱིན། ཆུ་སྔོན་ལྟར་འཇམ་པོར་འབབ། དེའི་ཚེ་ནའང་གླུ་བླངས་སོ། །ཌོཾ་བྷི་གཞོན་ནུ་གཅིག་གི་ཞབས་སྤྱི་བོར་བླང་ནས། རྗེས་སུ་འབྲང་བར་ཞུས་གནང་ནས། ཕྱག་ཕྱིར་འབྲེང་པ་ནི་ཌོཾ་བྷི་ཧེ་རུ་ཀའོ། །གངྒཱ་ལན་གསུམ་ཟློག་པའི་གྲགས་པས་ས་གསུམ་ཁྱབ། སངས་རྒྱས་པ་རྣམས་དགའ་ཞིང་བྲོད། བདུད་དང་མུ་སྟེགས་རྣམས་སྐྲག་ཅིང་དངངས་པར་གྱུར་ཏོ། ། ལྷོ་ཕྱོགས་བྷི་མེ་ས་ར་ཞེས་པ་ན་དབང་ཕྱུག་ཆེན་པོའི་རྟེན་རྡོ་ནག་པོ་ལས་འཁྲུངས་པའི་ལིངྒ་འདོམ་བཅོ་བརྒྱད་པ་སྦོམ་ཕྲའང་དེ་ཙམ་པ་ཞལ་བཞི་པ་གཅིག་ཡོད་པའི་ཤར་ཚངས་པའི་ཞལ་གྱི་མདུན་དུ་གཙང་སྦྲ་ཆོས་སུ་སྨྲ་བ་རྣམས་ཁྲུས་བྱས། ཀུ་ཤ་སྣ་ལག་ཏུ་གཙུག ཞི་བའི་སྦྱིན་སྲེག་བྱེད། བྱང་དབང་ཕྱུག་ཆེན་པོའི་ཞལ་གྱི་མདུན་དུ་འདོད་ཆགས་