R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 57
[A:57]དམ་རྫས་བསྒྲུབས་ཏེ། ལམ་ཐུན་བཞི་ལ་དབང་བཞི་བསྒོམ་པས་ཞག་རེ་ལ་ས་རེའི་རྟོགས་པ་འཁྲུངས་ཏེ། ཚེས་ལྔ་ཚུན་བཅད་ལ་ས་བདུན་གྱིས་རྟོགས་པ་འཁྲུངས། ཤ་ཆང་ཁྱེར་འགྲོ་བ་སློབ་མ་རྣམས་ཀྱིས་མཐོང་སྟེ། སྒོ་སེང་ནས་བལྟས་པས་ལ་ལས་བུད་མེད་བརྒྱད་དང་། ལ་ལས་བཅོ་ལྔ་དང་ལྷན་དུ་གནས་པ་མཐོང་། ལ་ལས་མར་མེ་བརྒྱད་ཀྱི། ལ་ལས་བཅོ་ལྔས་བསྐོར་བ་མཐོང་། ཐམས་ཅད་ཐེ་ཚོམ་ཟོས་ཀྱང་བླ་མ་ཆོས་པ་མཁན་པོ་ཆེན་པོར་གྱུར་པས་ལྟུང་བ་གླེང་བར་མ་ཕོད་ཀྱང་ཐམས་ཅད་ཤིན་ཏུ་མ་དད་པར་གྱུར་ཏོ། །དེ་ཐམས་ཅད་ཉིད་ཀྱི་ཐུགས་ཀྱིས་ལེགས་པར་དགོངས་ཏེ། བསྟན་པ་ལ་སྨོད་པ་སྤངས་ཤིང་། རང་ཉིད་ངན་པར་ཁས་བླངས་ཏེ། སྤྱོད་པ་བསྐྱང་བའི་ཕྱིར་ཆོས་གོས་སྨད་གསུམ་མཁར་སིལ་ལྷུང་ཟེད་ལ་སོགས་དཀོན་མཆོག་གི་སྤྱན་སྔར་ཕུལ། ཨཾ་ག་རག་དཀར་པོ་ཅིག་གསོལ་ཏེ། མེ་བིརྺ་པ་ཞེས་བརྗོད་ནས་མཆོང་རྒྱུག་སེ་སྐོར་བྱེད་ཅིང་ཧ་ཏེར་བྱོན། མེ་ཏོག་འཚོང་བ་རྣམས་ལ་བླང་སྟེ་ཕྲེང་བ་རྒྱུས་ཐོད་དུ་བཅིངས། ལོ་མ་དང་ལ་ཕུག་ཚོང་བ་རྣམས་ལ་བླངས། ལ་ལ་ཞལ་དུ་གསོལ། ལ་ལ་ཕྱག་ཏུ་བསྣམ་ནས་ལ་ལ་དོ་ཤལ་དུ་བྱས། མཐར་ཆང་འཚོང་དང་གཟུགས་འཚོང་མའི་གནས་སུའང་བྱོན་པས། གྲོང་ཁྱེར་བ་རྣམས་ཧ་ལས་དགེ་འདུན་ཐམས་ཅད་ངོ་ཚ་གྲགས་ཏེ། རྔ་དང་འཁར་རྔ་གཉིས་ཀ་བརྡུང་། རོལ་མོ་སྣ་ཚོགས་དགེ་འདུན་གྱི་གསེར་ཕྲེང་དང་བཅས་པས་གནས་ནས་བསྐྲད་དེ། ཕྱིར་འོང་དུ་མེད་པའི་བཀའ་ཁྲིམས་བཅས་སོ། །དེའི་དུས་སུ་སློབ་དཔོན་གྱི་གླུ་བླངས་པ་ལོགས་སུ་ཤེས་པར་བྱའོ། ། དགེ་འདུན་ཡོན་མཆོད་རྣམས་