R236: འཕགས་པའི་སློབ་མ་ཆ་རྒན་གྱིས་མཛད་པའི་རྣལ་འབྱོར་དབང་ཕྱུག་གི་ལོ་རྒྱུས་ཟུར་ཙམ་བརྗོད།

  • Pagination (Witness A): 58
[A:58]མ་དད་པ་བཟློག་པ། བསྟན་པ་ལ་སྨོད་པ་སྤང་བ། བདག་གི་ནུས་མཐུ་བསྟན་པའི་ཕྱིར་དང་། ཉི་མ་ཟླ་བ་གཟས་ཟིན་པ་གསུམ་གྱི་འགྱུར་བ་གྱེན་དུ་ཟློག་པའི་རྟེན་འབྲེལ་གྱིས། ཝ་ར་ཎ་སེའི་རྒྱལ་པོ་འདུལ་དུ་གཤེགས་པའི་ལམ་དུ། ག་ག་ལ་སྡིགས་མཛུབ་བསྟན་ནས་ང་ངན་པ་ཡིན་ན་ལམ་ཕྱེ་གསུངས་པས། སློབ་དཔོན་གྱི་ཐད་ཀ་ནས་ཆུ་གྱེན་ལ་ལོག་ཏེ། ལམ་ཕྱེ་བས་དེའི་ཚེའང་གླུ་བླངས་སོ། །དེར་ཐམས་ཅད་ཀྱིས་གྲུབ་པ་ཐོབ་པར་གོ་སྟེ། ཞབས་ལ་ཕྱག་འཚལ་ཞིང་ལོག་པར་བཏགས་པ་རྣམས་བཟོད་པར་གསོལ། དགེ་འདུན་རྣམས་ཀྱིའང་བཟོད་པར་གསོལ་ཏེ། བཞུགས་པར་ཞུས་པས་ཁོང་རྣམས་ལ་ཐུགས་བརྩེ་བས་བཟོད་པ་བཞེས། བཞུགས་སུ་མ་གནང་། རྒྱལ་པོ་གོ་མ་ཙཎྜའི་མངའ་རིས་ཝ་ར་ཎ་སི་ཐམས་ཅད་མུ་སྟེགས་འབའ་ཞིག་ཡིན་པ། དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བཟུད་པའི་ཕྱིར། དེའི་ནགས་འཐུག་པོ་གཅིག་གི་དབུས་སུ་བསམ་གཏན་ལོ་གསུམ་མཉམ་པར་གཞག་པས། མདོག་ནག་སྤྱན་རྩ་དམར། དབུ་སྐྲ་རིང་པོར་གྱུར་པས་འཇིགས་སུ་རུང་བར་གྱུར་པ་མི་རྣམས་ཀྱིས་མཐོང་བས་ལ་ལ་ན་རེ་སངས་རྒྱས་པ། ལ་ལ་ན་ལེ་མུ་སྟེགས་པ་ཡིན་ནམ་ཟེར་བ་རྒྱལ་པོས་གསན་པས། ཉུལ་ལེ་མ་རྣམས་ལ་སུ་ཡིན་དྲིས་ལེགས་པར་རྟོགས། མུ་སྟེགས་པ་ཡིན་ན་འོ་རྒྱལ་བས་བླ་མཆོད་གྱིས། ནང་དུ་གདན་དྲོང་། སངས་རྒྱས་པ་ཡིན་ན་བསྟན་པ་ལ་གནོད་པ་སྐྱལ་དོགས་ཡོད་པས་བསྐྲོད་ལ་ཐོངས་གསུངས། དྲིས་པས་ལན་མི་སྟེར། བརྟག་པས་ངོ་མ་ཤེས། ཞེས་རྒྱལ་པོ་ལ་ཞུས་པས། ངས་བརྟག་གི་དྲུང་དུ་བོས་ལ་ཤོག་གསུངས། བོས་འོང་བའི་ལམ་དུ་འབུ་སྦྲང་དང་