[A:༣༣༩]བའི་རྗེས་སུ་སྐུ་འཁྲུངས་ཏེ། དེའི་དུས་སུ་ངོ་མཚར་བའི་ལྟས་མང་དུ་བྱུང༌། དེ་ནས་གཞོན་ནུའི་དུས་སུ་བླ་མ་གཞི་མོ་ལུང་པ་ལ་ཀྱེ་རྡོ་རྗེའི་བུམ་དབང་ཡན་ཆད་ཞུས། དེ་ནས་གློག་ཡི་གེ་སྒྲ་བསྟན་བཅོས་ལ་སོགས་པ་ཐམས་ཅད་མཁས་པར་བསླབས་ནས། དགུང་ལོ་བཅུ་གསུམ་པ་ལ་འབྲིང་མཚམས་ཞང་གི་དྲུང་དུ་མངོན་པ་གོང་མ་གསན་དུ་བྱོན། བཅུ་དགུ་པ་ལ་སྤང་རྩར་འབྲིང་མཚམས་ཞང་གདན་དྲངས་ནས་མངོན་པ་ལ་བཤད་གསར་མཛད་དོ། །དེ་ནས་ཆོས་རྗེ་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས་པ་མཛད་ནས། མདོག་ལོད་དུ་རྩི་འདུལ་འཛིན་གྱི་དྲུང་དུ་འདུལ་བ་མདོ་རྩ་གསན། གཞན་ཡང་འདུལ་བའི་ཆ་ལག་ཐམས་ཅད་རྫོགས་པར་གསན་ནོ། །དེ་ནས་ཆོས་རྗེ་པ་ལ་སེམས་བསྐྱེད་ཞུས་ནས། ད་ཁྱོད་ཀྱིས་དབུ་མ་ཅིག་ཉོན་གསུངས་ནས་བོ་དོང་ལུག་དུར་དང༌། རི་ཕུག་གཉིས་སུ་ཡར་གཤེགས་མར་གཤེགས་མཛད་ནས་དབུ་མ་རིགས་ཚོགས་དང་བསྟོད་ཚོགས་སྐོར་ལ་སོགས་པ་ཐམས་ཅད་གསན། རྩ་ཤེ་དང་ཚིག་ལ་བཤད་པ་ཡང་མཛད། དེ་ནས་ཆོས་རྗེ་པ་ལོ་བཅུ་གསུམ་བསྟེན་ནས་སྤྱོད་ཕྱོགས་དང༌། བྱམས་ཆོས་དང༌། རྒྱུད་གསུམ་གདམས་ངག་དང་བཅས་པ། བདེ་མཆོག་གི་རྒྱུད་ཆ་ལག་དང་བཅས་པ། ཡོ་ག་ལ་སོགས་མདོར་ན་ས་སྐྱ་པའི་ཆོས་ལུགས་ཐམས་ཅད་གསན་ཅིང་ཐུགས་སུ་ཆུད་པར་མཛད། དེས་ན་ཆོས་རྗེ་པས་གསུངས་པའི་ཆོས་ཕལ་ཆེ་བ་ལ་མ་གསན་པ་ཙམ་མེད་ཅིང་ཆོས་རྗེ་ཉིད་ལ་མི་ཕྱེད་པའི་དད་གུས་མངའ་བས་ཤིན་ཏུ་ཐུགས་མཉེས་ཤིང་ཐུགས་དགོངས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་ནས་སློབ་མ་རྣམས་ཀྱི་ནང་ནས་ཐུགས་ཀྱི་སྲས་མཆོག་ཏུ་གྱུར་ཏོ། །དེ་ནས་ཆོས་རྗེ་པ་གོ་དན་རྒྱལ་པོའི་བླ་མཆོད་ལ་བཞུད་པའི་དུས་སུ། ད་ཁྱོད་ཀྱིས་ཚད་མ་ཅིག་ཉོན་ལ་བཤད་པ་གྱིས་ཞེས་ཡང་ཡང་གསུང་འབྱོན་དུ་བྱུང་བ་ལ། བདག་སྒྲུབ་པ་བྱེད་པར་ཞུ་ཞེས་གསོལ་བ་བཏབ་པས། འོ་ན་ཡང་དེ་ཕན་ཆད་སྒྲུབ་པ་རང་གི་ལུགས་གྱིས་ལ་རེས་བཤད་པ་དང་ཙབ་ཙུབ་མ་