[A:༣༤༤]བརྟུལ་ཞུགས་ལ་གནས་ནས་ཉི་མ་སྔ་ཕྱེད་ཡན་ལ་ཤ་ཆང་གི་རྣམ་པ་ཀུན་མི་བསྟེན། མར་ཞོ་ཇ་བཟང་པོ་བག་རེ་གསོལ་མོད། ལར་འདོད་ཡོན་གང་ལ་ཡང་ཞེན་པ་མེད་པ་ཅིག་བཞུགས། སྐུ་མཚམས་མ་མཛད་དུས་ནའང་དགོངས་ཇའི་དུས་ནས་སང་གདན་མ་རན་གྱི་བར་གཟིམས་ཁང་དུ་བཞུགས་ནས་མཇལ་ཁ་མེད། བྱང་ཆུབ་སེམས་དཔའི་བསླབ་པ་ལ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆེན་མོ་ཆོས་རྗེ་ས་སྐྱ་པས་མཛད་པ་ཕྱག་ལེན་དང་བཅས་པ་ཇི་ལྟ་བ་བཞིན་ཡང་ཡང་ཞུས།
ཐུགས་ཉམས་སུ་བཞེས་ཤིང་གཞན་ལའང་འབོགས་པ་ལ།
ཁྱད་པར་དུ་བློ་སྦྱོང་མཐར་ཐུག་པ་བདག་གཞན་བརྗེ་བ་ལ་དང་པོ་ནས་ཕུལ་དུ་ཕྱིན་པས་སེམས་དཔའ་ཆེན་པོར་ཐེ་ཚོམ་མེད་དོ། །གསང་སྔགས་ཀྱི་སྡོམ་པ་ནི། དམ་ཚིག་ཉི་ཤུ་རྒྱུ་ཚོགས་དང་བཅས་པ་ལ་མ་རྨོངས། རྡོ་རྗེ་འཆང་ཉིད་ཡིན་པར་མཁས་གྲུབ་ཀྱི་སྐྱེ་བོ་མང་པོས་མངོན་དུ་གྱུར་པས་བདག་གིས་སྨོས་ཅི་འཚལ། དམ་པ་འདིའི་ནང་གི་མངོན་པར་རྟོགས་པའི་ཆ་ནི། གཞན་གྱི་སྣང་ངོ་ལ་དངོས་སུ་ཅི་ཡང་མི་མཁྱེན་པའི་ཚུལ་མཛད་མོད། སྒོམ་པ་སློབ་མའི་བློ་ལ་བོག་འདོན་པ། གེགས་སེལ་བ། ཐུགས་མཉམ་པར་མ་བཞག་པ་ལྟ་བུ་ཤུགས་བྱུང་དུ་གསུང་དྲག་པོ་འབྱོན་པ། བཀའ་བཀྱོན་གྱི་ཚུལ་དུ་ཐོལ་བྱུང་དུ་གསུངས་པ་ལྟ་བུ་ལ་ཡང་ཡང་བརྟགས་པས་གདུལ་བྱའི་རྒྱུད་ཚོད། མ་འོངས་པའི་དགེ་ལེགས་བསྟན་པ་ལ་ཕན་ཐོགས་འོང་མི་འོང་ཐོགས་པ་མེད་པར་མཁྱེན་པ་ངེས་པ་ཡང་ཡང་ཐོབ་པས་བདག་རང་གི་བློ་ངོ་ན་ཐ་མལ་པ་མ་ཡིན། རྡོ་རྗེ་འཆང་ཉིད་ཡིན་པའི་ངེས་པ་ཡང་ཡོད་ཅིང༌། རྡོ་རྗེ་འཆང་ཉིད་ཀྱི་མཛད་པ་ཡང་མཛད་པར་སྣང་ངོ༌། །བྱིན་རླབས་ཀྱི་ཕུལ་ཤིན་ཏུ་ཆེ་བ། ཡེ་ཤེས་འབེབས་པ་ལ་ཡང་ཌ་དྲིལ་རེ་དང་སྔགས་བཟླས་པ་ཙམ་ལ། ཐམས་ཅད་ས་འཕག་གནམ་འཕག་གི་འཕར་གཡོ་ཆེན་པོ་ཚད་མེད་པ་དང༌། བྱིན་རླབས་ཀྱང་གདོན་གྱིས་ཉེན་པ་ལ་ཕྱག་རེག་པ་ཙམ་མམ། དྲི་ཆེན་དྲི་ཆུ་ཙམ་གྱིས་ཐོན་པར་འོང་བར་འདུག་གོ །དགུང་ལོ་དགུ་བཅུ་གོ་དྲུག་པ་ལ་ཡང་བགྲེས་པའི་རྣམ་པ་མེད། ལྡང་