[A1:༨༡བ][A2:༨༡བ][...]Author Colophon, 81b3-7
།།འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ།འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི་འཕགས་བཔ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིད་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབ་པས་སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས།འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ།ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འཛི་ན་མི་ཏྲ་དང༌ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ།། འདི་ལ་ཤོ་ལོ་གཉིས་སྟོང་བདུན་བརྒྱ་ཡོད། བམ་པོ་ནི་དགུར་བྱས་སོ།། །།