[A1:༨༢ན][A2:༨༢ན]Carving Colophon, f. 82a1-7
༄༅༅། །སྭསྟི།
བསྐལ་བཟང་སངས་རྒྱས་གཞན་གྱིས་མི་འདུལ་བའི།
།རྩོད་དུས་སེམས་ཅན་བརྡུལ་དཀའ་མ་རུངས་པ།
།འདུལ་ཕྱིར་སྨོན་ལམ་ཡོངས་རྫོགས་གཞན་དོན་མཛད།
།ཐུབ་ཆེན་རྒྱལ་བའི་དབང་པོ་ལ་ཕྱག་འཚལ།
།བྲམ་ཟེའི་བཙུན་པ་ལྔ་རིག་མཐར་སོན་ནས།
།འཛམ་གླིང་མཆོག་གྱུར་འདུལ་བ་རྒྱ་མཚོ་ཡི།
སྙིང་པོ་བསྡུས་ཏེ་འདུལ་བའི་མདོ་མཛད་པ།
།འཕགས་པ་ཡོན་ཏན་འོད་ལ་གུས་ཕྱག་འཚལ།
།ཐུབ་བསྟན་ཕན་བདེའི་འབྱུང་གནས་ཀུན་གྱི་གཞི།
།འདུལ་བའི་སྡེ་སྣོད་ཀུན་གྱི་མ་ལྟ་བུ།
།འདུལ་བ་རྒྱ་མཚོའི་སྙིང་པོ་འདུལ་བའི་མདོ།
།འཕགས་པ་ཡོན་ཏན་འོད་ཀྱིས་མཛད་པ་དང་།
།གཞི་ལྔ་གནས་བརྒྱད་བསྟོན་པ་ཆོས་མངོན་མཛོད།
།དབྱིག་གཉེན་སངས་རྒྱས་གཉིས་པས་མཛད་པ་དང་།
།གཙུག་ཏོར་དྲི་མེད་རབ་གནས་ཆོ་ག་སོགས།
།ལྷག་བསམ་དག་པས་པར་དུ་གཞེངས་པའི་དོན།
།རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང།
།བསྟན་ལ་ཞུགས་རྣམས་ཚུལ་ཁྲིམས་རྣམ་དག་ལ།
།བརྩོན་བཔ་ལྷུར་ལེན་བསྐྱེད་པར་བྱ་ཕྱིར་དང།
།སྙན་པར་གྲགས་པའི་རྒྱལ་མཚན་མཐོན་པོས་བརྗིད།
།སྔོན་བསགས་བསོད་ནམས་གཏེར་གྱི་ནེའུ་ལེ་ཅན།
།ལོག་སེམས་གླང་པོའི་གླད་འགེམས་གདོང་ལྔའི་སྟེངས།
།ཁྲིམས་གཉིས་གཟི་བརྗིད་དཔལ་གྱིས་ལྷ་ངེ་བ།
།ཆོས་རྒྱལ་རྣམ་མང་ཐོས་སྲས་གཉིས་པ་ཉིད།
།ལྷ་རྒྱལ་ཚངས་པའི་སྐུ་ཚེ་ལྟར་བརྟན་ཅིང།
།སྡེ་སྲིད་ཚངས་པའི་འཇིག་རྟེན་ལྟར་རྒྱས་ནས།
།ཚངས་པའི་ཡུལ་སར་བདེ་ཆེན་ཐོབ་བྱའི་ཕྱིར།
།ཚངས་ཆེན་གནས་འཚུངས་ཕོ་བྲང་གོང་དཀར་དུ།
།གྲགས་དང་དཔལ་དང་བློ་གྲོས་བསོད་ནམས་བཞི།
།འཛོམ་རྒྱས་མངོན་མཐོ་ཕུན་སུམ་ཚོགས་ལྡན་པས།
།
འགྱུར་བྱེད་ཞེས་བྱ་ས་མོ་ཕག་གི་ལོ།
།པར་དུ་བསྒྲུབས་པའི་དོ་དམ་ཞལ་ལྟ་པ།
།ཚུལ་གནས་ཐོས་བསམ་སྒོམས་པས་རྒྱུད་འབྱོར་པ།
།དཔལ་ལྡན་ས་སྐྱའི་གཤེསབཤེས་གཉེན་རིན་ཆེན་དཔལ།
།ཡིག་མཁན་མཁས་པའི་དབང་པོ་སེང་གེ་དར།
།རྐོས་མཁན་མཁས་པ་སྤྲུལ་སྐུ་དཔོན་མོ་ཆེ།
།དཔོན་སྐྱབ་ཐོག་གྲངས་མཁས་པ་རྣམས་ཀྱིས་གཟབས།
།འདི་ཡི་རྒྱུ་སྦྱོར་ལག་ལེན་དད་པ་ཅན།
།གསོལ་དཔོན་གུ་རུ་གཉེར་ཆེན་རྣམས་ཀྱིས་བསྒྲུབས།
།དེ་ལྟར་སྒྲུབས་པའི་དགེ་བ་དྲི་མེད་འདིས།
།ནམ་མཁའི་མཐའ་གཏུགས་གྱུར་པའི་འགྲོ་བ་རྣམས།
།འཁོར་བ་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་སོན།
།ཀུན་མཁྱེན་ཡིད་བཞིན་ནོར་བུ་མྱུར་ཐོབ་ཤོག།
ཡེ་དྷརྨཱ༔ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་པ་དཏ།ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ཎཿ།། མཾགལཾབྷཝནྟུ།།