R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 311
[A:311]བཅོམ་པ་ཡོན་ཏན་བློ་གྲོས་ཀྱི་དྲུང་དུ། དབང་དང་གདམས་པ་མང་དུ་གསན། སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་ཀྱི་དྲུང་དུ། འདུལ་བ་མེ་ཏོག་ཕྲེང་རྒྱུད་དང། བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། གཞན་ཡང་བླ་མ་སོ་སོའི་དྲུང་དུ། དབང་དང་གདམས་པ་དང། ཕྱག་ལེན་ཕྲེན་ཚེགས་ཀྱིས་མཐའ་བརྟེན་པ་གསན་པ་ནི་ཤིན་ཏུ་མང་སྟེ། རྒྱས་པར་གསན་ཡིག་སོགས་ལས་ཤེས་པར་བྱའོ༎ དེ་ངག་ལ་འདི་སྐད་ཅེས། བཤེས་གཉེན་མཁས་པའི་ཞབས་སེན་དམར་འོད་ཅན༎ བླ་ཆེན་ཁྱོད་ཀྱི་ཅོན་པན་ལ་འཆར་བ༎ ཡོངས་འཛིན་དེ་དག་ཉིན་མོར་བྱེད་པ་འམ༎ ཁྱོད་གཙུག་ཡ་མཚན་ཤར་གྱི་རི་བོའམ་ཅི༎ སློབ་དཔོན་མཁས་པའི་ཆོས་ཀྱི་རྒྱ་མཚོ་ལས༎ རྣམ་དཔྱོད་ཧུབ་ཀྱིས་ལེགས་བཤད་ཀུན་བསྡུད་པ༎ བློ་གྲོས་མིག་སྟོང་ལྡན་པའི་སློབ་མ་ཀུན༎ ཉིད་རང་གཅིག་པུའི་བདུད་རྩིས་གསོལ་བར་ངེས༎
1.2.4
མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ། དེ་ལ་བརྟེན་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་ནི། མཁས་བཙུན་བཟང་པོའི་ཉི་མ་ཆེར་གསལ་བ༎ དད་བརྩོན་རྣམ་དཔྱོད་ཡངས་པའི་ཁྲིར་བླངས་ནས༎ ནམ་ཡངས་གྲགས་པའི་ཁྲི་ལ་འདྲེན་མཁས་པས༎ གངས་ཅན་ཉིན་མོར་མཛད་ལ་ཕྱག་འཚལ་ལོ༎ འདི་ལ་དོན་གསུམ་སྟེ།
1.2.4.1
མཁས་པ་དང།
1.2.4.2
བཙུན་པ་དང།
1.2.4.3
བཟང་པའི་ཡོན་ཏན་ཇི་ལྟར་བརྙེས་པའོ༎
1.2.4.1
མཁས་པའི་ཡོན་ཏན་ཇི་ལྟར་བརྙེས་པ། དང་པོ་ལ།
1.2.4.1.1
ཚིག་ལ་མཁས་པ་དང།
1.2.4.1.2
དོན་ལ་མཁས་པའོ༎
1.2.4.1.1
ཚིག་ལ་མཁས་པ། དང་པོ་ནི། བཤེས་གཉེན་མཁས་པའི་དབང་པོ་དེ་དག་གི་དྲུང་དུ། མང་དུ་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང། གང་དང་གང་གསན་པ་དེ་ཐམས་ཅད་ཀྱི་ཚིག་གི་ཆ་དང་འཛིན་པ་དང། བར་དུ་འཆང་བ་དང། ཐ་མར་ཀུན་ཆུབ་པར་མཛད་པ་ལ། བརྩོན་པ་རབ་ཀྱི་མཐར་