R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 339
[A:339]ཉིང་སློབ་ཏུ་མ་གྱུར་པ་ཅིག་ཀྱང་མི་སྣང་སྟེ། བརྗོད་པས་མི་ལང་ངོ༎ ཡང་སྟོད་ནས་མངའ་བདག་རྒྱལ་པོའི་བླ་མ་ནམ་མཁའ་འོད་ཟེར་རྒྱ་མཚན་དཔལ་བཟང་པོ༎ བར་ནས་དབང་གྲགས་པ་འབྱུང་གནས་ཀྱི་བླ་མ་དམར་ཁམས་པ་རྒལ་མཚན་འོད་ཟེར་མདོ་ཁམས་སྨད་ནས་རྒྱ་རྒྱལ་པོའི་བླ་མཆོད་གྲོ་ཤྲི་བསོད་ནམས་ཤེས་རབ་རྣམས་སོ༎ ཡང་གངས་ཅན་ན་དབང་ཆེ་བའི་སློབ་མ་ནི། མདོ་ཁམས་ནས་གླིང་དཔོན་ཆེན། གོན་གྱོ་བླ་མ་རྒྱལ་མཚན། གཙང་ལ་རྒྱལ་བུ་སོགས་རྒྱལ་རོང་གི་སྡེ་པ་ཆེན་པོ་བཞི། ཁྲོམ་ཁྲི་དཔོན། འཕན་ཡུལ་ནས་སྡེ་པ་ཆེན་པོ་རྒྱ་བྱ་གཉིས། གོང་དཀར་བ་སྐུ་མཆེད་གཉིས། རིན་སྤུངས་པ་ནམ་མཁའ་རྒྱལ་པོ་ཡབ་སྲས་ལ་སོགས་པ་ཤིན་དུ་མང་སྟེ། མཚོན་པ་ཙམ་མོ༎ དེ་དག་ལ་འདི་སྐད་ཅེས། བརྒྱ་བྱིན་རྣ་བའི་ཆུ་གཏེར་དུ༎ རྩེ་ཞིང་དགའ་བའི་ལྷ་རྣམས་ཀྱི༎ རྔ་དབྱངས་ཡིད་འོང་ངོ་མཚར་གཏམ༎ རྣ་བས་མ་བླངས་ལྷ་བུ་སུ༎ ས་སྟེངས་འདི་ན་ཆེ་རྣམས་ཀྱི༎ རལ་པའི་ཐོར་ཅོག་རྩེར་འཛེགས་པའི༎ ཞབས་སེན་ཆུ་ཤེལ་དཀར་པོའི་མདངས༎ མི་ལེན་བྱིས་དད?དང་མཁས་པ་སུ༎ ཁྱོད་ཞལ་ཡོངས་འདུའི་འབབ་སྟེགས་ལས༎ ལེགས་འབབ་བདུད་རྩིའི་རྒྱུན་གང་ལ༎ ལྷ་མིན་རྣམས་ཀྱང་སྲེད་བྱེད་ན༎ སྐལ་བཟང་ལྷ་རྣམས་སྨོས་ཅི་དགོས༎ མདོར་ན་གངས་ཅན་གྱི་ལྗོངས་འདིར་སྐུ་ཚེ་དང་བཤད་ཉན་མཉམ་པར་མཛད་པས། དངོས་ཀྱི་སློབ་མའི་གྲངས་མཐའ་ཡས་པ་བྱུང་བ་ནི། བདག་ཉིད་ཆེན་པོ་འདི་དང། བཅོམ་ལྡན་རིགས་པའི་རལ་གྲི་དང་སློབ་དཔོན་ཕྱ་པ་གསུམ་ལས་ལྷག་པ་གཞན་མེད་དོ༎
1.2.5.2
རྩོད་པ་སེང་གེའི་ང་རོས་ཕྱི་རྒོལ་གྱི་གླང་པོ་ཇི་ལྟར་བཅོམ་པའི་ཚུལ། གཉིསགསུམ་པ་རྩོད་པ་སེང་གེའི་ང་རོས་ཕྱིར་རྒོལ་གྱི་གླང་པོ་བཅོམ་པའི་ཚུལ་ནི། ལུས་མེད་གྱིས་འཕངས་མེ་ཏོག་ལྕགས་ཀྱུ་ནི། ལ་ལའི་སྙིང་མཚོར་ཞུགས་ནས་རང་བཟོ་ཡིས༎