[A:358]བརྒྱ་དང་བཞི་བཅུ་ཞེས་དྲུག་གི་རྩོམ་པ་མཛད། དེའི་བར་བསྟན་བཅོས་མང་པོའི་ལམ་རིམ་དང། དབུ་མ་ལྟ་ཁྲིད་དང། སྒོམ་རིམས་ཐོག་མཐའ་བར་གསུམ་དང། ནི་གུ་དང། ཞེན་པ་བཞི་བྲལ་དང། སྙིང་པོ་དོན་གསུམ་དང། མཆོད་རྟེན་དྲུང་ཐོབ་དང། བདེ་མཆོག་རིམ་ལྔ་དང། ཞི་བྱེད་ཀྱི་བརྒྱུདརྒྱུད་པ་ཕྱི་མ་ལ་སོགས་པ་ཁྲིད་དང་སྒོམ་རིམས་རྣམས་གཙོ་བོར་གསུངས་སོ༎
དེ་ནས་ས་ཕོ་འབྲུག་གི་ལོའི་ཧོར་ཟླ་དང་པོ་ནས་དྲུག་པའི་བར་ལ། ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད། དབུ་མ་རིགས་པའི་ཚོགས་ལྔ། རིན་ཆེན་ཕྲེང་བ། བཤེས་པའི་སྤྲིང་ཡིག། རྒྱུད་བླ་དང། མངོན་པར་རྟོགས་པའི་རྒྱན་རྐྱང་པ། ཚད་མ་རིགས་པའི་གཏེར་རྣམས་སྔ་ཆོས་དང། ཕྱི་ཆོས་ཤིན་ཏུ་རིང་བར་མཛད། ཉེ་གནས་པས་གཞུང་མནན་ནས་ཤོ་ལོ་ཀ་གཅིག་ཀྱང་མ་ལུས་པ་ལ་བཤད་པ་རྫོགས་པར་མཛད་དོ༎
དེ་དག་གི་སྐབས་སུ་འདི་སྐད་ཅེས་གསུང་སྟེ། ཁོ་དེ་བ། ཆོས་ཉན་ཚོ་ལོང་ལ་རྐང་བྲོ་གྱིས། ང་ལྟ་བུའི་སྐྱེས་མཆོག་དང་འཕྲད་པ་སྐལ་བ་བཟང། ཁམས་པ་ཕོབ་ཕོབ་ཅིག་འདུག་ཨེ་བསམ་ཅེས་གསུང་ངོ༎
དེ་ནས་ཟླ་བ་འགའ་ཞིག་སྐུ་མཚམས་མཛད། གསུང་ཆོས་རྒྱས་སྐར་ནས་གསུངས་སོ༎
དེ་ནས་བསྟན་བཅོས་པའི་ལུགས་ཀྱི་སྦྲུལ་ལོ་ཤར། དགུན་ཆོས་འཇུག་པའི་དུས་ལ་བབ་པ་ན། ཉེ་གནས་རྣམས་ཀྱིས་ད་ལོ་དགུན་ཆོས་ལ་ཆོས་ཁྲི་ཁར་ཐེགས་པའོ་བརྒྱལ། གསུང་ཆོས་རྒྱས་སྐར་ནས་གནང་པ་འཐད་ལགས་ཞུས་པས། བསྟན་པའི་བྱ་བ་ལའོ་བརྒྱལ་ན་བརྒྱལ་ཟིན། ཁོ་བོ་ཆོས་ཁྲིའི་སྟེང་དུ་འགྲོ༎ བཅོམ་ལྡན་རལ་གྲི་ཡང་ཆོས་ཁྲིའི་ཐོག་ཏུ་གྲོངས་པ་ཡིན་ཅེས་གསུངས། དེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་ཁོ་བོ་ཅིག་སློབ་དཔོན་དོན་ཡོད་དཔལ་བཟང་པོས། ཚལ་གུང་ཐང་དུ་ཆོས་དབར་ལ་ཐེགས་པའི་ཞལ་ཏ་ཞུས་པས།