R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 79
[A:79]ཕྲ་ཕུ་སངས་རྒྱས་བཟང་པོ་བ་སོགས་ལའང། གོས་ལུ་ཧཾ་སྲབ་མོའི་ཆོས་གོས་སོགས་གནང་སྦྱིན་ཡང་དག་གི་བཀའ་དྲིན་མཛད། ཕྱིས་དེ་དུས་བཞུགས་གྲལ་ལ་བདག་ཆེན་ཆུ་མིག་པའི་དྲུང་དང། ཤར་པ་བདག་ཆེན་ཡེ་ཤེས་དབང་ཕྱུག་པར་གྲགས་པའི་སྐུ་ན་གཞོན་ནུ་རྡོ་རྗེ་འཆང་ཆེན་པོས་བཀུར་སྟི་ས་སྐྱ་བདག་ཆེན་པ་ལས་ཀྱང་ཆེ་ཆེ་ཙམ་གནང་བ་ཞིག་གྲལ་གྱི་དབུ་ལ་བཞུགས་འདུག་ཅིང། ཕྱིས་རྡོ་རྗེ་འཆང་ཞིང་བརྗེས་ནས་ལོ་སྐོར་གཅིག་སོང་བའི་ཕྱི་ལོ། རང་རེས་རྗེ་དོན་ཡོད་དཔལ་བ་མཇལ་བ་ལ་རྐང་གཏད་ཡོངས་དུས། ཆུ་མིག་ཚོར་ཆོས་ཞུ་བ་ལ་ཡུན་རིང་བསྡད་སྐབས། བདག་ཆེན་རིན་པོ་ཆེས་སྦོན་གྱི་དེའི་སྐྱོར་ཟློས་གནང། ངེད་ཀྱིས་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་མི་ལོ་གསུམ་ཅུ་སོ་བགྲངས་གཅིག་འབྲལ་མེད་བསྟེན་ཀྱང། ཁྱེད་ལ་དགེས་དགེས་དེ་ལྟ་བུ་དང། ཁྱེད་རྣམས་ལ་ཡང་དེ་དུས་གནང་བའི་གནང་སྦྱིན་དཔེ་བྲལ་དེ་འདྲ་སུ་ལ་ཡང་གནང་བ་མི་དྲན་པ་ལགས་ཤེས་ཐུགས་ཧ་ལས་ལས་མཛད་ནས་གསུང་ཞེས། རྡོ་རིང་རིན་པོ་ཆེ་དངོས་ལས་ཐོས་སོ༎ དེར་རྗེ་རྡོ་རྗེ་འཆང་གིས་བདེ་མཆོག། རྣལ་འབྱོར་མའི་སྐོར་གྱི་དབང་བྱིན་རླབས། ཆོས་སྐྱོང་སོགས་དབང་ཁང་དུ་ཆིག་བརྒྱུད་དུ་གནང་ནས། འདི་དག་ལ་ཐུགས་དམ་གྱི་སྙིང་པོ་མཛོས་ཅིག་ཅེས་དང། ས་སྐྱ་པཎྜི་ཏས་བསྒྱུར་བའི་རྡོ་རྗེ་སྙིང་པོ་རྒྱན། གསང་བ་ནོར་བུ་སོགས་རྒྱུད་གསུམ་དང། ལྷག་པར་གསང་འདུས་རིམ་ལྔའི་ཁྲིད་དང། ཁ་ཆེ་པཎ་ཆེན་དང་ས་པཎ་གཉིས་ཀྱིས་ལོ་པཎ་གནང་བའི། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་ཀྱིས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་རས་བྲིས་ལ་བརྟེན་པ་ཟུང་འཇུག་གསལ་བར་གྲགས་པ་དེའི་ལུང་ཡང་སྩལ་ནས། གསང་འདུས་འདི་ལ་རང་གཞན་ཤན་འབྱེད་པའི་བཤད་པ་དང། ཡི་གེ་ཡང་དག་རྩོམ་ཞེས་ཀྱང་བཀའ་བསྒོ་བ་ཐུགས་