R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༧བ
[A:༩༧བ]ཤེས་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུས་འཕྲིན་དུ་ཞུ་བའི་ཡི་གེ་འདི་བྲི་བར་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུལ་དུ་བྱུང་བ་བསགས་པས་ཆེ་བའི་ཡོན་ཏན་བདུན་གྱི་ཁྱད་པར་འཕགས་པའི་རྟེན་རྣམ་པར་དག་པར་སྐུ་འཁྲུངས་ནས། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་མཐུས་བསླབ་པ་གསུམ་གྱི་ལུས་ཡོངས་སུ་རྫོགས་པས་ཡང་དག་པའི་བླ་མ་རྒྱ་མཚོའི་གླིང་དུ་བློ་གྲོས་མི་ཟད་པའི་གྲུ་བོ་ཆེར་བརྩོན་པའི་དེད་དཔོན་གྱིས་བརྟན་པར་བཞུགས་ནས་ལེགས་པར་དཔྱད་པའི་ནོར་བུའི་ཚོགས་ཡང་དག་པར་བླང་སྟེ། ཡོན་ཏན་རིན་པོ་ཆེའི་རྒྱན་གྱིས་སྤྲས་པས་མཁས་པ་སྐྱེ་བོའི་ཚོགས་ཟིལ་གྱིས་མནན་ནས། དེ་དག་གི་ཡིད་རབ་ཏུ་འཕྲོག་པར་མཛད་པའི་སྐྱེས་བུ་ཆེན་པོ། ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟོན་པ་གྲགས་པ་སེང་གེའི་སྤྱན་སྔར། ཤཱཀྱའི་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མངོན་པའི་ང་རྒྱལ་སྤངས་ཏེ་གུས་པའི་ཡིད་ཀྱིས་གསོལ་པ། འདིར་བླ་མ་ཆོས་ཀྱི་རྗེ་དམིགས་པ་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཏུ་ལྡན་པ་དེའང་འཇིག་རྟེན་གྱི་ཁམས་གཞན་དུ་སེམས་ཅན་གྱི་དོན་རྒྱ་ཆེ་བ་ལ་གཟིགས་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་མངོན་པར་རྫོགས་པ་འཚང་རྒྱ་བར་ཞལ་གྱིས་བཞེས་ཏེ་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །འོན་ཀྱང་ཆོས་ཀྱི་རྗེ་ཉིད་ཀྱི་ཞལ་གྱིས་ད་དུང་ཁྱེད་རྣམས་གང་གི་སྒོ་ནས་ཀྱང་ལེགས་པར་འོང་ཞེས་བཀའ་གནང་བ་དང་། རྒྱལ་པོ་སོ་ཟིན་རྒྱལ་ཁམས་བདེ་བར་ཡོད། སྐབས་