[A:༡༥༡ན]ཆོས་བཀའ་ཡང་མང་དུ་གསན། དེ་ནས་ཏའི་སི་ཏུའི་ཆག་ཕྱི་བྱས་ནས་ཁྱི་ལོ་གདན་ས་ཆེན་པོ་འདིར་ཕེབས་ཏེ། གོང་མ་ཡོན་མཆོད་ཆེན་པོས་བླ་མ་འདི་ཉིད་ལ་ཀུན་ཏིང་གུ་ཤྲཱིའི་མཚན་དང་ཤེལ་དམ་ཆེ་བ། དངུལ་དམ་ཆེ་བ་སོགས་གནང་ནས། བླ་མ་འཕགས་པའི་གདན་ས་གཞི་ཐོག་གི་གོ་སར་བསྐོས་ནས། བདག་ཉིད་ཆེན་པོ་འདིས་ཀྱང་ཚོགས་ཆེན་པོར་སྔ་ཆོས་ལ་རྩ་རྒྱུད་བརྟག་གཉིས་ཀྱི་བཤད་བཀའ་དང་། དྲོ་ཆོས་ལ་དམ་པའི་ཆོས་མངོན་པ་མཛོད། ཐུབ་པ་དགོངས་གསལ་དང་། དགོངས་ཆོས་ལ་ཚད་མའི་བསྟན་བཅོས་ཆེན་པོ་རྣམ་འགྲེལ་གྱི་བཤད་པ་དང་། བདག་ཉིད་ཆེན་པོ་ས་པཎ་གྱིས་མཛད་པའི་ཚད་མ་རིགས་པའི་གཏེར་གསུངས་ཏེ། ཆོས་དུང་ཉིན་རེ་ལ་ཐང་ལྔ་ལྔ་འབུད་ཅེས་གྲགས་ཤིང་། དེའི་སྐབས་སུ་གོང་ནས་ཐི་ལིང་སྐྱ་ཧོ་སི་ཏ་དབེན་གུ་ཤྲཱིའི་མཚན། དམ་ཁ་ཆེན་མོ་ཐོ་ཤུ་དང་བཅས་པ་གནང་ཞིང་། གཞན་ཡང་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་མཛད་པས་གདན་སའི་ཚོགས་ཆོས་གསུང་བ་ཡང་གདུང་བརྒྱུད་རྣམས་ཀྱི་ནང་ནས་བླ་མ་འདི་རང་ཡུན་རིང་ཞིང་། གདན་ས་ཡང་ལོ་མང་པོའི་བར་དུ་མཛད་དེ། །དེ་ནས་དགུང་ལོ་རེ་གཅིག་པ་ས་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཚེས་གཉིས་ལ་སྐུ་གཤེགས་ཤིང་། གནས་ནི་ཆུ་མིག་དཔལ་གྱི་བདེ་ཆེན་དུ་གཤེགས་ཞེས་གཙང་བྱམས་པའི་གདུང་རབས་ལས་བཤད་ལ། སྟག་ཚང་གདུང་རབས་ལས་ནི་བླ་བྲང་གཞི་ཐོག་ཉིད་དུ་གཤེགས་པར་ཡང་བཤད་དོ། །དེ་ལྟ་བུའི་བླ་མ་ཏ་དབེན་ཀུན་རིན་དུ་གྲགས་པ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས། བཙུན་མོ་སྔ་མ་བླ་བྲང་ཉི་ཐོག་པའི་བུ་སྲིང་མ། མ་གཅིག་ནམ་བ་