R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༧བ
[A:༢༡༧བ]རབས་བྱོན་ཚུལ་ལས། གདན་ས་ཆེན་པོའི་བླ་བྲང་སོ་སོར་དབང་བསྒྱུར་བའི་གདུང་རབས་ཀྱི་ནང་ནས། ལྷ་ཁང་བླ་བྲང་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ལེགས་པར་བསྟན་ཟིན་ཏོ།། །།འདིར་སྨྲས་པ། སུམ་རྩེན་ལྷ་ཁང་ས་ལ་འཕོས་འདྲ་བའི། །སྤྲུལ་པའི་ལྷ་ཁང་ཆེན་པོ་དང་ཉེ་བར། །ངོ་མཚར་ལྷ་ཁང་གཞལ་མེད་ཁང་བཟང་དུ། །རིམ་བྱོན་ལྷ་ཁང་གདུང་བརྒྱུད་ཆེ་རྣམས་རྒྱལ། །ཁྱད་པར་ས་སྐྱོང་གཙུག་རྒྱན་ཐེག་ཆེན་གྱི། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ། །ས་སྐྱ་པ་ཡི་བསྟན་པའི་ཉི་མ་དེའི། །རྣམ་ཐར་བསམ་གྱིན་གུས་པས་ཕྱག་བགྱི་འོ། །དེ་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་རྣམས། །འབད་མེད་ལྷུན་གྱིས་གྲུབ་པའི་སྐྱེས་བུའི་མཆོག །ཡོངས་འཛིན་དམ་པ་རྣམས་ཀྱི་གདུལ་བྱའི་ཞིང་། །དབུས་གཙང་ཁམས་འདི་བདག་གིས་དབང་འདུས་ཤོག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།སྤྱི་དོན་བཞི་པ་དུས་མཆོད་བླ་བྲང་པའི་གདུང་རབས་བཤད་པ་ལ་ཡང་། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། ལྷ་ཁང་བླ་བྲང་པའི་གདུང་རབས་བྱོན་ཚུལ་བཤད་ཟིན་མ་ཐག་པའི་མཇུག་ཏུ། བདག་ཉིད་ཆེན་པོའི་བཙུན་མོ་རེ་མདའ་མ། །ལྷ་གཅིག་ཉི་མ་རིན་ཆེན་ཞེས་བྱའི་སྲས། །གཅེན་པོ་སློབ་དཔོན་ཆེན་པོ་ཉི་མ་དཔལ། །ཆུང་བ་ཀུན་དགའ་ལེགས་པའི་རྒྱལ་མཚན་དབང་། །ཀུན་ལེགས་བཙུན་མོ་མ་གཅིག་ཁང་གསར་མ། །དགེ་འདུན་འབུམ་སྲས་བླ་ཆེན་བསོད་བློ་དང་། །དབང་གི་མཚན་གསོལ་གྲགས་པ་རྒྱལ་མཚན་གཉིས། །