[A:༢༢༣བ]ཆེན་པོ་འདིས་བསླངས་ཤིང་། གཞན་ཡང་བླ་མ་འདི་ལ་རྒྱ་ཡུལ་དུ་རྒྱལ་བློན་ཀུན་རྣ་ཐོས་བདེ་མོ་མེད་སྐབས་ཀྱང་། རྒྱལ་པོ་ཆེན་པོས་སྔར་ཡབ་ལ་ཇི་ལྟར་གནང་བ་བཞིན་གྱི་དབང་གི་མཚན་དང་། ལས་ཁ། ལུང་བཟང་པོ་དང་། གསེར་ཆས་ཁྱད་འཕགས། དབང་གི་སྐྱ་ཆས་ཚང་མ་འབུལ་བ་སྟོབས་ཆེ་བ་དང་བཅས་པ་ཉེས་མེད་དུ་ཕྱག་ཏུ་འབྱོར་བ་དང་། མདོར་ན་དམ་པ་དེ་ཉིད་སྐུ་ཚེ་རིང་ན་བསྟན་པའི་ཞབས་ཏོག་དང་། འགྲོ་བ་མང་པོའི་དོན་རྒྱ་ཆེན་པོ་མཛད་པའི་ཐུགས་བཞེད་དང་ལྡན་པ་ཞིག་ཡིན་ནའང་སྙིགས་མའི་སེམས་ཅན་གྱི་བསོད་ནམས་ཀྱི་ཁྱོན་དུ་མ་ཤོང་པར། དགུང་ལོ་ཉི་ཤུར་ཕེབས་ཙམ་ཆུ་མོ་ལུག་གི་ལོ་ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ནུབ་མོ་བླ་མའི་ཕྱོགས་སུ་དབུ་བསྒྱུར་བ་ལ་སོགས་པ་མོས་གུས་རྩེ་གཅིག་པའི་ངང་ནས་ཕོ་བྲང་ཆེན་པོ་ལྷུན་པོ་རྩེར་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །
ནམ་མཁའ་རྒྱལ་མཚན།
དེ་ལྟར་དབང་ནམ་མཁའ་ལེགས་པས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལ་ལྕམ་མོ་བདུན་དང་སྲས་དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་དེ་བརྒྱད་བྱོན་པར་སྟག་ཚང་བའི་གདུང་རབས་ལས་འབྱུང་བ་ཡིན་ལ། གཙང་བྱམས་པས་མཛད་པའི་གདུང་རབས་ལས། དབང་ནམ་མཁའ་ལེགས་པས་བཙུན་མོ་གཅིག་ཁབ་ཏུ་བཞེས་ཞེས་དང་། དེ་ལ་སྲས་གཅིག་འཁྲུངས་པ་ཞེས་སོགས་གསུངས་ནས། དབང་ནམ་མཁའ་ལེགས་པས་བཙུན་མོ་གཅིག་ལས་མ་བཞེས་པར་བཤད་པ་དང་། བཙུན་མོ་དེ་ལ་སྲས་དབང་ནམ་མཁའ་རྒྱལ་མཚན་མ་གཏོགས་ལྕམ་རྣམས་བྱུང་བར་མ་བཤད་ཀྱང་། འདིར་ནི་སྟག་ཚང་བ་ལྟར་བཀོད་པ་ཡིན་ནོ། །དེ་ལྟ་བུའི་དབང་ནམ་མཁའ་རྒྱལ་མཚན་