[A:༣༢༠བ]མོ་ཡོས་ནས། བདུན་ཅུ་བཞེས་པ་ཤིང་མོ་ཕག་གི་བར་ལོ་གྲངས་ལྔ་བཅུ་རྩ་བདུན་རྗེ་ཉིད་ཀྱིས་གདན་ས་མཛད་ཅིང་། རྗེ་བཙུན་ཆེན་པོ་གཤེགས་པའི་ཕྱི་ལོ་ཆོས་རྗེ་ས་པཎ་དགུང་ལོ་སོ་དྲུག་ཙམ་དུ་ཕེབས་པ་མེ་ཕོ་བྱི་བ་ནས། དྲུག་ཅུ་རེ་གཅིག་ཙམ་བཞེས་པ་ཆུ་མོ་ཡོས་ཀྱི་བར་ལོ་གྲངས་ཉེར་བརྒྱད་བདག་ཉིད་ཆེན་པོ་ཉིད་ཀྱིས་གདན་ས་མཛད། དེ་ནས་ཤིང་ཕོ་འབྲུག་ས་པཎ་ཧོར་ཡུལ་དུ་ཕེབས་པའི་ལོ་དེ་ནས། ཤིང་ཕོ་བྱི་བའི་ཁོར་ལོ་ཉི་ཤུ་རྩ་གཅིག་དཀར་ཤཱཀྱ་གྲགས་ཀྱིས་གདན་ས་མཛད་པར་མུས་སྲད་པའི་གདུང་རབས་ལས་འབྱུང་ལ། ཡང་ཡ་རབས་ཁ་རྒྱན་གྱི་མཆན་བུར། ཁ་ཅིག་གིས་དཀར་ཤཱཀྱ་གྲགས་བགྲངས་པ་ནི་གདན་ས་པ་དང་ཟུར་ཆོས་པའི་ཤན་མ་ཕྱེད་པ་སྟེ། ས་པཎ་ཧོར་ཡུལ་ལ་ཕེབས་དུས་ཤར་བ་ཡེ་འབྱུང་དང་། །འུ་ཡུག་པ་མ་གཏོགས་ཐམས་ཅད་ཀྱིས་ཤཱཀྱ་བཟང་པོ་ལ་ཕྱག་འཚོལ། ཁྱེད་གསུམ་བློ་མཐུན་གཅིག་ཏུ་གྱིས་ལ་གདན་ས་འདི་འཕགས་པ་སྤུན་ལ་འཕྲོད་པ་གྱིས་གསུངས་པའི་བཀའ་ཕེབས་ཞེས་ཡིག་ཚང་རྙིང་མ་རྣམས་ལས་གསུངས་པ་དང་མི་མཐུན་པས་སོ་ཞེས་འབྱུང་བ་ལྟར་ན་བདག་ཉིད་ཆེན་པོ་ས་པཎ་ཧོར་ཡུལ་ཕེབས་པའི་སྐབས་སུ། གདན་ས་པ་ལོགས་སུ་མ་བཀོད་པར་གདན་ས་ཆེན་པོའི་གང་སྤྱིའི་བསྟན་པའི་ཁུར་རྣམས་ཤར་བ་ཤེས་རབ་འབྱུང་གནས། འུ་ཡུག་པ་རིག་པའི་སེང་གེ ཤཱཀྱ་བཟང་པོ་དང་གསུམ་གྱིས་ཁུར་ཏེ། དེ་དག་གི་རིང་ལ་ལོ་གྲངས་ཉེར་གཅིག་འདས་པར་སྣང་ཞིང་། ལོ་དེ་འཕགས་པ་རིན་པོ་ཆེ་དགུང་ལོ་སོ་གཅིག་ཙམ་དུ་ཕེབས་པ་ཤིང་མོ་གླང་གི་ལོ་སྟེ། དེ་དང་མེ་ཕོ་སྟག་གཉིས་ཆོས་རྒྱལ་འཕགས་པས་གདན་ས་མཛད་ཅེས་འཆད་དགོས་པར་སྣང་