R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 184
[A:184]མདོར་བསྡུས་དང་བཅས་པ་སྟེ་དེ་རྣམས་ནི་དྲུང་རིན་པོ་ཆེ་ཉིད་ཀྱིས་མཛད་པ་དང༌། གཞན་ཡང་ཚོགས་ལས་རིན་ཆེན་ཕྲེང་བ། དབང་ཆོག་འོད་ཀྱི་ཕྲེང་བ། དྲག་ཚོགས་ཕྲིན་ལས་ལྷུན་གྲུབ། སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་གསལ་བྱེད། སྒྲུབ་ཐབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་རྣམས་ནི་མཁས་བཙུན་ཆེན་པོ་བསོད་ནམས་གྲུབ་ཀྱིས་མཛད་པ་རྣམས་དང༌། ཟབ་དོན་གྱི་སྙིང་པོའི་རྒྱུན་གྱི་ཉམས་ལེན་ཉུང་ངུ་རབ་གསལ་ཞེས་བྱ་བ་ཤཱཀྱའི་དགེ་སློང་དྷརྨྨ་བི་ཛ་ཡས་མཛད་པ། གཅོད་ཁྲིད་གདན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་མན་ངག་གི་ལུང་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི་ཡན་ཆད་བཙལ། དབང་བླ་ཀུན་དགའ་བསྟན་འཛིན། ལྡན་མ་གཅོད་པ་ཀུན་དགའ་རྡོ་རྗེ། རྡོ་རྗེ་འཛིན་དབང་ཀུན་དགའ་རྣམ་རྒྱལ། དྲུང་པ་བསྟན་འཛིན་ཕུན་ཚོགས། དེ་ལས་བདག་གིས་ཐོས་སོ། །གཞན་ཡང་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཁྲིད་ཡིག་ཐེག་ཆེན་ལམ་གྱི་གསལ་འདེབས། ཐེག་པ་ཆེན་པོ་གཅོད་ཀྱི་སྙིང་པོ་བསྡུས་པའི་ལག་ལེན། ཉམས་ལེན་མདོར་བསྡུས་སྙིང་པོ་གསལ་བ། གཅོད་ཟབ་མོ་དོན་གྱི་ཉིང་ཁུ། གཉགས་སྟོན་བསམ་གཏན་འོད་ཟེར་གྱིས་མཛད་པའི་དབང་བསྐུར་བྱིན་རླབས་རྒྱ་མཚོའི་ཟུར་འདེབས། ཁྲོས་ནག་ལྷ་ལྔའི་ཕྱག་ལེན་གྱི་དོགས་དཔྱོད། ཁྲོས་ནག་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་གི་ཐོ་རྣམས་ཀྱི་ལུང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི་བཀའ་འབུམ་གྱི་ལུང་གི་སྐབས་ལྟར་རོ། །༈། །རྒྱ་གར་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་གསུམ་བྱོན་པའི་ཐ་མར་མན་ངག་འཁྱུག་དཔྱད་དཀར་ནག་ཁྲ་གསུམ་ཁམས་ཀྱི་ཀློང་ཐང་སྒྲོལ་མར་