R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 504
[A:504]གནང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་གཏོར་ཆོག་རྗེས་གནང་དང་བཅས་པའི་ཡི་གེ་ལ་བརྟེན་ནས་ལས་ཀྱི་གཤིན་རྗེ་དམར་པོ་བསེ་བྱ་བཞིས་བསྐོར་གྱི་རྗེས་གནང༌། དེས་མཛད་པའི་གཏོར་ཆོག་རྗེས་གནང་དང་བཅས་པའི་ཡི་གེའི་སྟེང་ནས་གཤིན་རྗེ་དམར་པོ་ཁྲག་མདོག་ཡབ་ཡུམ་གྱི་རྗེས་གནང་རྣམས་ནོས་ནས། རྒྱབ་བརྟེན་ལུང་ལ་རྭ་ཆེན་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་དཀར་ཆག་ན་གསལ་བའི་ཆོས་སྐོར། དེར་མ་འཁོད་པའི་རྒྱ་བོད་ཀྱི་ཡིག་སྣའི་སྐོར། བོད་ཀྱི་མཁས་པ་འབྲི་ཁུང་དཔལ་འཛིན་གྱིས་མཛད་པའི་སྐོར་དང་གསུམ། དང་པོ་ལ་རྭ་ལུགས་ཀྱི་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་དུ་གྲགས་པའི་དཀར་ཆག་རྭ་ཆེན་གྱིས་མཛད་པའི་ཚིགས་བཅད་དང་དེའི་རྒྱས་བཤད་རྭ་དབོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པ། དེར་གསལ་བའི་ཡིག་སྣ་ལ། རྒྱུད་འབུམ་པ་ལས་ལ་ལཱི་ཏ་བཛྲ་གྱིས་ཕྱུང་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱལ་པོའམ་རྩ་༼རྭ༽༼ཀུན༽བའི་རྒྱུད་རྟོག་པ་བདུན་པ་རྒྱ་གར་གྱི་མཁན་པོ་མ་ཧཱ་ཀཱ་རུ་ནི་ཀ་དང་བོད་ཀྱི་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། འདིའི་འགྱུར་ཡེ་རང་པ་ཐུགས་རྗེ་ཆེན་པོ་དང་འོག་ནས་འབྱུང་བའི་ཨ་མོ་གྷས་མཛད་པའི་དཀྱིལ་ཆོག་འགྱུར་དུ་བྷ་རོའི་མཚན་སྨོས་པས་ཀྱང་འདི་གཉིས་ཐ་དད་པར་ཚད་མས་གྲུབ་བོ། །སློབ་དཔོན་ཆེན་པོ་ཨ་མོ་གྷ་བཛྲ་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་དཀྱིལ་འཁོར་༼རྭ༽༼ཀུན༽གྱི་ཆོ་ག་དངོས་གྲུབ་བརྙེས་པའི་བླ་མ་བྷ་རོ་དང་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། རྡོ་རྗེ་འཇིགས་བྱེད་ཀྱི་སྦྱིན་སྲེག་གི་ཆོ་ག་མཛད་པ་པོ་དང་སྒྱུར་བྱེད་གོང་དང་འདྲ། དེས་མཛད་པའི་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་བདུན་མའི་སྒྲུབ་