R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 15
[A:15]གྲུབ་དང༌། མཚུངས་མེད་བསྟན་འཛིན་ལྷུན་གྲུབ་གཉིས་ཀྱིས་གསན། དེ་གཉི་ག་ལས་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་དང༌། མཁན་ཆེན་སངས་རྒྱས་དཔལ་བཟང་གཉིས་ཀྱིས་གསན། དེ་ལས་བདག་གིས་ལེགས་པར་ཐོབ་བོ། །ཡང་ན་པཎ་ཆེན་ནམ་མཁའ་དཔལ་བཟང་ལས་ཁྲི་ཆེན་པ་ཀུན་དགའ་བསོད་ནམས་ལྷུན་གྲུབ་དང༌། བྱམས་པ་ཀུན་དགའ་བཀྲ་ཤིས་གཉིས་ཀྱིས་གསན། གཉིས་ཆར་ལས་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱིས་གསན། དེ་ལས་རྗེ་དམ་ཆོས་བསམ་གྲུབ། མཁས་གྲུབ་ཆེན་པོ་སངས་རྒྱས་ཕུན་ཚོགས་མན་འདྲ། ཡང་ན་རྗེ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་ཆོས་འོད་ཟེར། འཇམ་དབྱངས་ཀུན་དགའ་བསོད་ནམས་མན་འདྲ། ཡང་ན་རྗེ་བཙུན་བྲང་ཏི་པ་ནམ་མཁའ་དཔལ་བཟང་ནས། རིན་པོ་ཆེ་དཔལ་ལྡན་དོན་གྲུབ། དེ་གཉིས་ཆར་ལས་ནམ་མཁའ་སངས་རྒྱས་ཀྱིས་གསན་ནམ་སྙམ། དེ་ནས་རྗེ་དཔལ་མཆོག་མན་འདྲ། ཡང་ན་རྗེ་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ འཇམ་དབྱངས་སངས་རྒྱས་སེང་གེ བྲང་ཏི་པ་མན་འདྲའོ། །བྱིན་རླབས་དང་ཡི་གེའི་རྟགས་མེད་པའི་ཁྲིད་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་ཆད་གོང་མ་ཇི་ལྟ་བ་བཞིན་ལས། དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་བ་མཆོག་དབྱངས། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྗེ་བཙུན་རྡོ་རིང་ཀུན་སྤངས་