R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 332
[A:332]སྤྱན་སྔ་ཀུན་དགའ་རྒྱལ་མཚན། སྤྱན་སྔ་ཡོན་ཏན་རྒྱལ་མཚན། སྤྱན་སྔ་བློ་གྲོས་རྒྱལ་མཚན། ཀུན་མཁྱེན་ཤཱཀྱ་དོན་གྲུབ། འཇམ་དབྱངས་ཀུན་དགའ་ལེགས་གྲུབ། ཤེའུ་ལོ་ཙཱ་བ་མན་འདྲའོ། །༈། །འཆི་མེད་ཚེའི་རིག་འཛིན་བརྙེས་པའི་སློབ་དཔོན་ཆེན་པོ་པཎྜི་ཏ་གསང་བ་ཡེ་ཤེས་སམ་མ་ཧཱ་པཎྜི་ཏ་ལྭ་བ་དམར་པོར་གྲགས་པས་གངས་རིའི་ལྗོངས་འདིར་ལན་གསུམ་བྱོན་པའི་བར་པར་གདན་དྲངས་ཤིང༌། དེའང་ངེས་པའི་དོན་གསང་བ་ལྟར་ན་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ནང་ལྟར་ངག་དབང་ལྷ་མོ་དབྱངས་ཅན་མ། ཕྱི་ལྟར་མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་དང༌། འགྲེལ་པ་རབ་འབྱོར་ཟླ་བས་མཛད་པ་དང༌། མུ་ཏིག་ཕྲེང་བ་རྣམས་ལས་ལྷ་མོ་ཨུ་མ་དེ་ཝཱི་དང་གཅིག་པར་བཤད་དེ། མིང་གི་རྣམ་གྲངས་དགུ་བཅུ་ཙམ་གྱིས་བསྟན་ཅིང༌། ལྷ་མོའི་བསྟོད་པའི་སྐབས་སུ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟན་པ་དང༌། གསང་སྔགས་རྙིང་མའི་རྒྱུད་རྣམས་ལས་ཀྱང་སྔགས་སྲུང་དྲག་མོའི་སྒྲུབ་ཚུལ་མང་དུ་བསྟན་ཅིང༌། བྱ་བའི་རྒྱུད་རིག་པ་མཆོག་ལས་ཕྱག་ན་རྡོ་རྗེས་ནམ་གྲུའི་རིགས་དང་ཆོ་འབྲང་ལ་བསྟོད་ནས་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་གསང་སྔགས་སྤྱིའི་སྲུང་མར་བསྐོས་ཤིང༌། ཡུལ་ཉེར་བཞི་དང་གནས་སོ་གཉིས་ཀྱི་ནང་ཚན་དེ་ཝཱི་ཀོ་ཊ་སྟེ་བོད་སྐད་དུ་ལྷ་མོའི་མཁར་ཞེས་པར་གནས་ནས། ཞིང་སྐྱོང་མ་མོ་ཐམས་ཅད་ཀྱི་གཙོ་མོར་མཛད་པར་བཤད་པའི་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་ཞེས་རྗེ་ཁོལ་གཉིས་ལས་ཁོལ་མོ་རེ་མ་ཏིར་གྲགས་པའི་སྐུ་