R756: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་གཉིས་པ།

  • Pagination (Witness A): 3
[A:3]བཙུན་ནཱ་རོ་ཏ་པ་ལ། རྒྱ་གར་འཕགས་པའི་ཡུལ་དུ་གཉིས་སྐྱེས་མཆོག་གཉིས་ཀྱིས་མཚོན་པའི་སློབ་མའི་གཙོ་བོ་པཎྜི་ཏ་བཅུ་གཉིས་ལ་སོགས་པ་རྣམས་ལ་མིང་ཙམ་ཡང་མ་གསུངས་པར་བལ་པོ་ཕམ་མཐིང་པ་འཇིགས་མེད་གྲགས་པ་དང་ངག་དབང་གྲགས་པ་མཆེད་ཁོ་ནར་གནང་བའི་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མར་གྲགས་པའི་གདམས་པ་ཟབ་མོ། གང་ཟག་རབ་བདེ་དགྱེས་གང་རུང་གི་སྨིན་བྱེད་སྔོན་དུ་སོང་ནས་སིནྡྷཱུ་རའི་བྱིན་རླབས་ནོས། བཟླས་སྒོམ་ཆག་མེད་དང་གཞི་བསྙེན་མཐར་ཕྱིན་པ་ཙམ་གྱིས་ལམ་གཞན་ལ་མ་ལྟོས་པར་ཚེགས་ཆུང་ངུས་རྡོ་རྗེ་རྣལ་འབྱོར་མ་མི་མོའི་གཟུགས་ཀྱིས་སྒྲུབ་པ་པོའི་ལག་པའི་འཁྲིག་མ་ནས་བཟུང་སྟེ་ལུས་མ་སྤངས་པར་མཁའ་སྤྱོད་དུ་འཁྲིད་པ། འབྲིང་ལངྒ་ལི་ཡའི་ཤིང་ལ་བརྟེན་ནས་སིནྡྷཱུ་རའི་སྒྲུབ་པ་ལ་བརྟེན་ནས་ཚུལ་བཞིན་དུ་ལེགས་པར་བརྟགས་པས་བུད་མེད་ཕལ་པའི་ཁྲོད་ནས་རྡོ་རྗེ་རྣལ་འབྱོར་མ་ངོས་ཟིན་ཏེ་དེས་ཚེ་འདིར་དངོས་སུ་མཁའ་སྤྱོད་དུ་འཁྲིད། ཐ་མའང་འཆི་བ་འོད་གསལ་ཆོས་སྐུ་ལས་བར་དོར་ལོངས་པའི་དུས་རྡོ་རྗེ་རྣལ་འབྱོར་མ་དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་ཅིག་པས་མཁའ་སྤྱོད་དུ་འཁྲིད་པར་ངེས་པའི་ཟབ་པ་ལས་ཀྱང་ཆེས་ཟབ་པ། སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་སྐོར་ལ། ཚོགས་སློབ་གཉིས་སུ་གྲགས་པའི་ནང་ནས་ཆེས་ཆེར་ཟབ་པ་གསང་ཆེན་སློབ་བཤད་པའི་ལུགས་བཞིན་ནོས་པ་ལ། སིནྡྷཱུ་རའི་དཀྱིལ་འཁོར་དུ་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོས་མཛད་པའི་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ་གྱི་ཡི་གེ་ལྟར་གྱི་བྱིན་རླབས་