[A:༤༡༡]ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པོས་གཞན་གྱི་ནད་དང་སྡུག་བསྔལ་ཅུང་ཟད་ལེན་ནུས་པ་ལ་སོགས་པ་བདག་གཞན་བརྗེ་བ་དང༌། གཞན་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་ལ་རང་གཅེས་པར་འཛིན་པ་དོར་ནས་གང་གིས་འདུལ་བའི་ཐབས་ལ་མཁས་པའི་སྒོ་ནས་རྒྱུད་སྡེ་སོ་སོའི་དབང་བཀའ་དང༌། རྒྱུད་སྡེ་སོ་སོའི་བཤད་པ་དང༌། སོ་སོའི་ལག་ལེན་དང༌། རྗེས་གནང་དང༌། རྒྱུད་འབུམ་ལ་སོགས་པའི་ལུང་བསམ་གྱིས་མི་ཁྱབ་པ་དང༌། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དང༌། སྦྱོར་བ་ཡན་ལག་དྲུག་པ་ལ་སོགས་པ་མན་ངག་དུ་མའི་སྒོ་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ལ་སོགས་པ་མང་པོ་དང་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་མཐའ་ཡས་པ་བསྐྲུན་པར་མཛད་ཅིང་བྱང་ཕྱོགས་སུ་ཡང་བདག་པོ་འཇམ་དབྱངས་ནམ་མཁའ་རིན་ཆེན་གྱིས་གདན་འདྲེན་ཞུས་ཏེ། དགོན་གཞིས་ཕུལ་ནས་ཡུན་རིང་དུ་བཞུགས་ཏེ། ཆོས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་མི་འཆད་པར་བསྐོར་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་ཅིང་གྲུབ་ཆེན་བུདྡྷ་ཤྲཱི་ལ་སོགས་པའི་དགེ་བའི་བཤེས་གཉེན་གྲངས་མེད་པ་བསྐྲུན་ཅིང༌། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བསྟན་པ་ལ་ཤིན་ཏུ་ནས་ཀྱང་སྐུ་དྲིན་ཆེ་བར་མཛད་པ་ཡིན་ནོ། །མདོར་ན་དགུང་ལོ་བཅུ་གཅིག་པ་ནས་བཟུང་སྟེ། དྲུག་ཅུ་རྩ་བདུན་བཞེས་པའི་བར་དུ་ཉིན་ཞག་ཕྲུགས་གཅིག་གི་བྱ་བ་ལ་ཆོས་གསུང་བ་དང༌། ཐུགས་དམ་མཛད་པ་ལ་སོགས་པས་དུས་འདའ་བ་མ་གཏོགས། དུས་དོན་མེད་དུ་སྐད་ཅིག་ཀྱང་འདའ་བ་མི་སྲིད་དོ་ཞེས་གསུངས་སོ། །རྩོམ་པ་ཡང༌། ཞང་དཀོན་མཆོག་དཔལ་གྱི་རྣམ་ཐར། ཆོས་རྗེ་བླ་མ་དམ་པའི་རྣམ་ཐར། ཆོས་རྗེ་རི་ཁྲོད་པའི་རྣམ་ཐར། ལམ་འབྲས་བརྒྱུད་པའི་གསོལ་འདེབས། འཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག །སྦས་བཤད་འཁྲུལ་འཁོར་སོ་གཉིས་ཀྱི་ཡི་གེ །སྡེ་སྣོད་གསུམ་གྱི་དབྱེ་བ་ཉི་མའི་འོད་ཟེར་རྒྱས་པ། གཟུངས་