R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 230
[A:230]འཕེལ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་འཆང་ངག་དབང་ལྷུན་གྲུབ། དེས་བདག་གོ ༈ །རྟ་མགྲིན་གསང་སྒྲུབ་ཞལ་གསུམ་ཕྱག་དྲུག་པ་ཞབས་བརྒྱད་པའི་རྗེས་གནང་ནི། བསྐུར་ཆོག་ཚར་ཆེན་བློ་གསལ་རྒྱ་མཚོས་མཛད་པ་ནས་ཞ་ལུ་མཁན་ཆེན་ལ་ཐོབ་ཅིང༌། སྐྱེར་གང་པ་ནི་ཤངས་པའི་བརྒྱུད་པ་རིན་ཆེན་སྣ་བདུན་གྱི་ལྔ་པ། རྨི་ལམ་གཟུང་ནས་ཨུརྒྱན་རིན་པོ་ཆེ་ལ་ལན་གསུམ་གསན་སླར་ཡང་སློབ་དཔོན་པདྨའི་ལུང་བསྟན་ལྟར་སྙེ་མོའི་གཏེར་བཏོན་ལ་གསན་པའི་རྗེས་གནང་གི་བརྒྱུད་པ་ནི་སླར་བྲི་རྗེས་གནང་ཞ་ལུ་མཁན་ཆེན་ལ་ཞུས། ༈ རྗེ་རས་ཆུང་རྡོ་རྗེ་གྲགས་པ་ནས་བརྒྱུད་པའི་པདྨ་གར་དབང་གི་རིགས་སུ་རྟོགས་པ་རྟ་མགྲིན་དམར་པོ་པད་དབྱུག་ཅན་གྱི་རྗེས་གནང་ཚེ་རྟ་ཟུང་འབྲེལ་དུ་གྲགས་པའི་བརྒྱུད་པ་ནི། དཔལ་རྟ་མགྲིན། ཨོ་རྒྱན་རིན་པོ་ཆེ། མ་ཅིག་གྲུབ་པའི་རྒྱལ་མོ། གྲུབ་ཆེན་ཏི་པུ་པ། རྗེ་རས་ཆུང་པ། དབང་ཕྱུག་མི་ལ་རས་ཆེན། སྒམ་པོ་ཟླ་འོད་གཞོན་ནུ། དཔལ་ཕག་མོ་གྲུ་པ། འབྲི་གུང་སྐྱུར་ར་རིན་ཆེན་དཔལ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིགས་ལྡན། ཟུར་ཕུག་པ་རིན་ཆེན་བཟང་པོ། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། ཆོས་རྗེ་རིན་ཆེན་འཕེལ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། གྲུབ་མཆོག་རྡོ་རིངས་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་གཞོན་ནུ་བློ་གྲོས། ཁྱབ་བདག་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་འབའ་ར་བའི་ཡིག་ཆ་ནས་ཐོབ་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་