R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 410
[A:410]གཤིན་སོགས་ཀྱི་གཏོར་འབུལ་བཀྲས་རྣམ་པས་ཞུས་པ། ༼ཀ༽བཙན་རྒོད་ཁ་ཆེ་དམར་པོའི་གསོལ་མཆོད། ༼ཀ༽དཔང་གཟུ་ལེགས་ལྡན་ཕྱག་དྲུག་མ། ༼ཀ༽དབུ་མཛད་ཀྱིས་ཞུས་པའི་གསོལ་མཆོད་ཀ་ཅའི་རྗེས་འབྲང་མ། ༼ཛྙཱ༽བྱང་གླིང་རྒྱལ་པོས་ཞུས་པ་བཙན་རྒོད་གངས་ལ་ཉི་ཤར་གསོལ་མཆོད། ༼ཀ༽ཕོ་ལྷ་དཔལ་འབྱོར་རྒྱལ་པོས་གསོལ་མཆོད། ༼ཀ༽ཁྲ་འཁྲུག་ཆོས་སྐྱོང་གིས་ཞུས་པའི་སྡེ་བརྒྱད་སྤྱིའི་གསོལ་མཆོད་རྣམས་ལ། ཀའི་རྟགས་ཅན་བརྒྱུད་པ་རྒྱལ་དབང་ཞབས། རྗེ་འཇམ་དབྱངས་གྲགས་པ། སྤྲུལ་སྐུ་དཀོན་མཆོག་ཉི་ཟླ། དེས་བདག་གོ །ཁའི་རྟགས་ཅན། རྒྱལ་དབང་ཞབས། འཇམ་དབྱངས་དཔལ་བཟང༌། རྗེ་འཇམ་དབྱངས་གྲགས་པ་མན་འདྲའོ། །གའི་རྟགས་ཅན། རྒྱལ་དབང་མཆོག །རྗེ་འཇམ་དབྱངས་བསྟན་འཛིན། དེས་བདག་གོ །༼ཛྙཱ༽ཁལ་ཁ་རྒྱལ་པོ་ལ་གནང་བ་ཞལ་གདམས་མུ་ཐི་ལའི་འཁྲི་ཤིང་སྟེ། ཛྙཱའི་རྟགས་ཅན་རྒྱལ་དབང་མཆོག །རྩ་བའི་བླ་མ་མཆོག་གི་སྤྲུལ་སྐུ་ངག་དབང་དཀོན་མཆོག་ཉི་མ། དེས་ཕྲིན་ལས་པར་དགྱེས་པ་ཆེན་པོས་བསྩལ་ཏོ། །བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལ་གནང་བའི་བརྟན་བཞུགས། རྒྱལ་དབང་ཐུགས་རྗེ་ཆེན་པོ། དེས་བཀའ་དྲིན་བླ་ན་མ་མཆིས་པ་བསྐྱངས་པའི་དུས་དེར་བདག་ཕྲིན་ལས་རྣམ་རྒྱལ་ལ་གནང་བའོ།། །།